| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༨༤༽གུརུབྱཱལིཔཱ། Mahāsiddha Vyālipa
༈གུརུབྱཱལི་པཱའི་ལོ་རྒྱུས་ནི། ཡུལ་ཨཔཏྲ་ཞེས་པར་བྱཱལི་བྱ་བའི་བྲམ་ཟེ་ཞིག་ལ་ནོར་མང་དུ་ཡོད་ལ། བདུད་རྩིའི་ཉམས་ལེན་བྱེད་ཅིང་། དངུལ་ཆུ་མང་དུ་ཉོས་ནས་བཏུལ་ནས་སྨན་རྣམས་འཇུག་པ་ཡིན་པ་ལ། སྨན་གཅིག་མ་ཤེས་ནས་གྲུབ་རྟགས་འབྱུང་དུ་མ་འདོད་པ་དང་། དེ་ཁྲོས་ནས་བེ་བུམ་དེ་གངྒཱ་ལ་བསྐྱུར་ནས་བཏང་ངོ་། །དེའི་ནོར་ཡང་ལོ་བཅུ་གསུམ་དུ་བསྒྲུབས་པས་ཟད་དེ། གྲོང་ཁྱེར་ནས་མར་བསོད་སྙོམས་ལ་བྱོན་ནས། རྒྱལ་པོ་རཱ་མའི་གཙུག་ལག་ཁང་ཡོད་པའི་གྲོང་ཁྱེར་ལ་ཕྱིན་པས། དེ་ན་དཱ་རི་མོ་ཞིག་གིས་གངྒའི་འགྲམ་དུ་ཁྲུས་ལ་ཕྱིན་པས་དེས་བེ་བུམ་དེ་རྙེད་ནས། བྲམ་ཟེ་དེ་ལ་བསྟན་པས། ཁོའི་སྔར་གྱི་སྨན་ཡིག་ཏུ་འདུག་ནས་བགད་པས། ཅི་ཟེར་བ་ལ། སྔར་གྱི་ལོ་རྒྱུས་བསྙད་པས། དཱ་རི་མོ་ན་རེ་ད་དུང་ང་ལ་གསེར་ཁལ་གཅིག་ལ་སོགས་པ་ཡོད་པས་བསྒྲུབ་པར་བྱ་དགོས་ཟེར། དེས་སྔར་ཡང་འདིས་བསླུས་ནས་འདི་ལ་ཐུག་པ་ཡིན། ད་ཅང་ཡོད་དེ། བྱས་པས། བྲམ་ཟེ་ལ་རང་དབང་མེད་པ་གྱིས་ཟེར་ནས་དངུལ་ཆུ་མང་དུ་ཉོས་ཏེ། ལོ་གཅིག་ཏུ་བསྒྲུབས་པས། སྐྱུ་རུ་ར་དམར་པོ་བྱ་བ་མ་ཤེས་ནས་རྟགས་འབྱུང་དུ་མ་འདོད་པ་ན། ཉིན་གཅིག་དཱ་རི་མོ་དེས་ཁྲུས་བྱས་པས་རང་བྱུང་གི་མེ་ཏོག་སེན་མོ་ལ་འབྱར་བ་དང་། དེས་སྤྲུགས་པ་ན། དེའི་ཟེགས་མ་སྨན་ནང་དུ་ལྷུངས་པས་དེ་མ་ཐག་རྟགས་རྣམས་བྱུང་བ་དང་། བྲམ་ཟེས་མོ་ལ་དྲིས་པས་འདི་འདྲ་བའི་ཟེར་མ་སོང་བ་ཡིན་ནམ། གཞན་བཅུག་པ་མེད། བྱས་པས་དགའ། དཱ་རི་མོ་དེས་བྲམ་ཟེའི་བཟའ་བཏུང་ལ་ཏིག་ཏ་བཏབ་ནས་བྱིན་པས། སྔར་གྱི་དུས་སུ་མ་ཚོར་བ་ལ། དེའི་ཞག་གཅིག་ཚོར་བས། དཱ་རི་མོས་གྲུབ་བམ། བྱས་པས། རྒྱུ་མཚན་ཅི། ཟེར་རོ། །སྔར་བཟའ་བཏུང་ལ་ཏིག་ཏ་བཏབ་པ་མི་ཚོར་བ་ལ་དེ་རིང་ཚོར་བས་སོ་བྱས་པས། དེ་ན་རེ། དེ་ཡང་གྲུབ་པའི་རྟགས་ནི་འདི་ཡིན་ཏེ། གཡས་སུ་འཁོར་བ་དང་། བཀྲ་ཤིས་པའི་རྟགས་བརྒྱད་ལ་སོགས་པ་འབྱུང་བའོ་བྱས་པས། དེས་བཀྲ་ཤིས་རྒྱ་ཆེན་པོ་བྱས་ཏེ། བྲམ་ཟེ་དཱ་རི་མོ་རྟ་རྒོད་མ་ཞིག་དང་གསུམ་གྱིས་ཟོས་པས་དེ་གསུམ་གྱིས་འཆི་བ་མེད་པའི་ཚེའི་དངོས་གྲུབ་ཐོབ་བོ། །གདམས་པ་ལ་ཕྲག་དོག་བྱས་ནས་སུ་ལ་ཡང་མི་སྟེར་བའི་ཕྱིར་ལྷ་ཡུལ་དུ་ཕྱིན་པས། ལྷ་རྣམས་ཀྱིས་མ་བསྙེན་ནས། དེས་རྒྱལ་པོ་ཀིལམ་བར་བྱ་བའི་ཡུལ་དུ་ཕྱིན་ནས་གནས་ཏེ། དེ་ན་བྲག་དཔངས་སུ་དཔག་ཚད་དང་། རྒྱར་རྒྱང་གྲགས་བཅུ་ཡོད་ལ། མཐའ་འདམ་གྱིས་བསྐོར་བ་དེའི་སྟེང་ན་ཤིང་དྲུང་གཅིག་ཡོད་པས་དེའི་གྲིབ་མ་ལ་གནས་པར་བྱེད་དོ། །དེ་ནས་སྨན་དེའི་མན་ངག་རྒྱུན་ཆད་ནས་མེད་པ་ན། འཕགས་པ་ཀླུ་སྒྲུབ་ཀྱིས་མཁའ་སྤྱོད་བསྒྲུབས་ནས་དེར་བྱོན་ཏེ། ལྷམ་ཡ་གཅིག་སྦས་ཡ་གཅིག་བསྣམས་ནས་ཕྱག་བྱས་ཏེ་གདམས་པ་ཞུས་པས། འདིར་ག་ཙུག་བྱས་ནས་འོངས་ཟེར། མཆིལ་ལྷམ་འདིའི་མཐུ་ལ་བརྟེན་ནས་འདིར་འོངས་པ་ལགས། གསུངས་པས། དེས་གདམས་ངག་བྱིན་ཏེ། ང་ལ་ཡོན་དུ་ལྷམ་འདི་ཕུལ་ཅིག་ཟེར་བས། དེ་ཕུལ་ནས་ཡ་གཅིག་སྦས་པ་དེ་བསྣམས་ནས་སླར་འཛམ་བུའི་གླིང་དུ་བྱོན་ནས། དཔལ་གྱི་རིར་སྒྲུབ་པ་མཛད་དེ། འགྲོ་བ་ལ་ཕན་བཏགས་སོ། །དེས་ན་སེར་སྣ་ལ་སོགས་པ་ཉོན་མོངས་པ་གང་གི་རྒྱུད་ལ་ཡོད་པ་དེ་ལས་ཡོན་ཏན་བླང་ནི་ནུས་ཤིང་། ཡོན་ཏན་ཡང་དག་པ་རྒྱུད་ལ་མི་སྐྱེ་བས་ན། བླ་མའི་མན་ངག་དང་ལྡན་པ་གལ་ཆེ་བ་ཡིན། གསུང་ངོ་། །གུརུབྱལིཔའི་ལོ་རྒྱུས་རྫོགས་སོ།། །།ཇི་ལྟར་འཇིག་རྟེན་གྲགས་པ་ལཱུཧིཔ་སོགས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་གང་། །རིགས་མཆོག་རྨད་བྱུང་མགདྷར་འཁྲུངས་ཡང་དག་ཡོན་ཏན་གྱིས་བརྒྱན་མི་འཇིགས་པ་དཔལ་གྱིས། །མགུར་གྱི་བུམ་པ་ལས་བྱུང་བཞིན་དུ་བདག་གི་དེ་རྣམས་ལེགས་བསྒྱུར་བསོད་ནམས་གང་། །དུག་གིས་མནར་རྣམས་འཚོ་བྱེད་བླ་མས་ཟིན་ནས་དུག་ཉིད་སྨན་གྱི་ངོ་བོར་རྟོགས་པར་ཤོག །གྲུབ་ཐོབ་བརྒྱད་བཅུ་རྩ་བཞིའི་ལོ་རྒྱུས་རྒྱ་གར་ཅམཔཱརྣའི་བླ་མ་མི་འཇིགས་པ་སྦྱིན་པ་དཔལ་གྱི་ཞལ་ནས་གསུངས་པ་ལྟར། དགེ་སློང་སྨོན་གྲུབ་ཤེས་རབ་ཀྱིས་ལེགས་པར་བསྒྱུར་བའོ། །དགེའོ།། །།
