Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༧༩༽གུརུཔནཧཔཱ། Mahāsiddha Upanaha

༈གུརུཔནཧའི་ལོ་རྒྱུས་ནི། པནཧསྟེ་མཆིལ་ལྷམ་ཅན་ནོ། །དེ་ནི་ཡུལ་སཻནདྷོནགར་བྱ་བ་ན་དམངས་རིགས་ཀྱི་གང་ཟག་ཅིག་མཆིལ་ལྷམ་ལ་བརྟེན་ནས་ཡོད་པ་ལ། དུས་གཅིག་གི་ཚེ་རྣལ་འབྱོར་པ་མཐུ་སྟོབས་ཅན་ཅེས་པ་བསོད་སྙོམས་བསླངས་ནས། མཐར་གྱིས་དུར་ཁྲོད་དགོན་པ་བྱོན་པས་མཐོང་བས། དེ་ལ་དད་པ་སྙམ་སེམས་ནས་དེས་དེར་ཕྱིན་པས། རྣལ་འབྱོར་པས་ཁྱོད་ཅི་ལ་འོངས། གསུངས་པས། དེས་ཆོས་ཞུ་རུ་འོངས་ཟེར། དེ་ནས་རྣལ་འབྱོར་པས་དེ་ལ་འཁོར་བའི་ཉེས་པ་དང་། ཐར་པའི་ཕན་ཡོན་གསུངས་པས། དེ་འཁོར་བ་ལ་སྐྱོ་བ་སྐྱེས་ཏེ། བླ་མ་འཁོར་བ་ལས་ཐར་བའི་ཐབས་ཤིག་ཞུ། ཟེར་བས། རྣལ་འབྱོར་པས་དེ་ལ་བྱིན་རླབས་འཕོ་བའི་དབང་བསྐུར་ནས་མངོན་ཞེན་ལམ་ཁྱེར་གྱི་གདམས་པ་འདི་གནང་ངོ་། །མཆིལ་ལྷམ་རྒྱན་ཅན་གྱོན་ནས་འགྲོ་བ་སོགས། །རྒྱུགས་པའི་སྒྲ་ནི་སྙན་པ་བྱུང་བ་དེར། །སྒྲ་ཙམ་དག་ཀྱང་དེ་རུ་འདུས་པ་ན། །དེ་ཡང་གྲགས་སྟོང་དབྱེར་མེད་བསྒོམ་པར་བྱ། །ཞེས་གསུངས་པས། དེས་ཀྱང་དེའི་དོན་གོ་ནས་བསྒོམས་པས། ལོ་དགུ་ན་མཐོང་སྤང་གི་དྲི་མ་དག་ནས་གྲུབ་པ་ཐོབ་སྟེ། བླ་མ་པནཧ་བྱ་བར་གྲགས་ཤིང་། རྟོགས་པ་བརྗོད་དེ་ལོ་བརྒྱད་བརྒྱར་འགྲོ་དོན་མཛད་ནས། འཁོར་བརྒྱད་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །གུརུཔནཧཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact