| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༧༣༽གུརུཀིརཔཱལ། Mahāsiddha Kirapālapa
༈གུརུཀིརཔཱལའི་ལོས་རྒྱུས་ནི། ཀིརཔཱལ་སྟེ་སྣ་ཚོགས་སྤངས་པ་བྱ་བ་ཡིན་ནོ། །གྲོང་ཁྱེར་གྲཧར་ཞེས་བྱ་བར་རྒྱལ་པོའི་གང་ཟག་ཅིག་རྒྱལ་སྲིད་རྒྱས་པ་ལ་ལོངས་སྤྱོད་ཅིང་རྣམ་ཐོས་ཀྱི་སྲས་ལྟ་བུར་ཡོད་པ་ལ། དེས་ཀྱང་མ་ངོམས་ཏེ། ཕྱོགས་གཞན་ན་ཡོད་པའི་རྒྱལ་པོའི་སྲིད་ཀུན་ཀྱང་ཕྲོགས་ནས་ལོངས་སྤྱོད་པར་བྱེད་པ་ན། ཡང་ཡུལ་ཁམས་གཞན་དུ་དམག་དྲངས་པས། དེ་ན་ཡོད་པའི་སྐྱེས་པ་འབྲོས་ནུས་པ་རྣམས་བྲོས་ནས་མེད་པ་ལ། བུད་མེད་ལ་སོགས་པ་རྣམས་བྲོས་མ་ནུས་པས་བརྒྱལ་བ་དང་། ངུ་བ་ལ་སོགས་པ་དཔག་ཏུ་མེད་པ་རྒྱལ་པོས་མཐོང་ནས། དེས་བློན་པོ་ཞིག་ལ་དྲིས་པས་དེས་གཏམ་དྲང་པོར་སྨྲས་པ་ན། རྒྱལ་པོ་སྐྱོ་བ་ཆེན་པོ་སྐྱེས་ཏེ། འདི་འདྲ་བ་སྙིང་རྗེ་བར་འདུག་པས་འདི་རྣམས་ཀྱི་ཕ་ལ་སོགས་པ་ཁུག་ལ་རང་རང་གི་སྲིད་ལ་གནས་པར་གྱིས་ཤིག་གསུངས་པས། བློན་པོས་ཀྱང་དེ་བཞིན་བྱས་ཏེ། སླར་རང་གི་གནས་སུ་བྱོན་ནས། སྦྱིན་གཏོང་གི་དྲིལ་ཆེན་པོ་བསྒྲགས་ཏེ། ཟད་པ་མེད་པའི་སྦྱིན་པ་ཆེན་པོ་བཏང་ནས། ད་ནི་ཆོས་ཤིག་བྱ་དགོས་དགོངས་ནས་ཡོད་པའི་དུས་སུ། རྣལ་འབྱོར་པ་ཞིག་དེར་བྱོན་ནས་བཟའ་བཅའ་བསླངས་པས་དེས་ཀྱང་གྱ་ནོམ་པ་དྲངས། དེས་རྒྱལ་པོ་ལ་ཚད་མེད་པ་བཞི་ལ་སོགས་པའི་ཆོས་བཤད་པས། རྒྱལ་པོ་ན་རེ། ཚེ་འདི་ཉིད་ལ་འཚང་རྒྱ་བའི་ཆོས་ཤིག་ཞུ་ཟེར་བས། དེས་བདེ་མཆོག་ཏུ་དབང་བསྐུར། བསྐྱེད་རྫོགས་གཉིས་ཀྱི་རིམ་པ་བསྒོམ་དུ་བཅུག་པས། སྔར་གྱི་བག་ཆགས་ཀྱི་དབང་དུ་སོང་སྟེ། རྒྱལ་སྲིད་དང་དམག་གི་རྟོག་པས་ལམ་བསྒྲིབས་པ་ན། དེ་རྟོག་པ་རང་གྲོལ་གྱི་གདམས་པ་འདི་གནང་ངོ་། །ཁམས་གསུམ་པ་ཡི་སེམས་ཅན་རྣམས། །དམག་ཚོགས་དཔའ་བོས་ཁེངས་པར་སྒོམས། །མཁའ་དབྱིངས་མ་ལུས་རང་སེམས་ལས། །བྱུང་བའི་དཔའ་བོ་དཔག་མེད་གཉིས། །དབྱེར་མེད་གྱུར་ནས་དགྲ་རྣམས་བཅོམ། །རང་ཉིད་རྒྱལ་པོ་ཆེན་པོ་ཉིད། །རྒྱལ་ལ་སོགས་པའི་བདེ་ཐོབ་ནས། །སྲིད་པའི་རྩེ་མོ་བསྒོམ་པར་བྱ། །ཞེས་གསུངས་དེ་ནས་དེས་ཀྱང་ལོ་བཅུ་གཉིས་སུ་བསྒོམས་པས་ལྟ་བ་རྟོགས་ཏེ་གྲུབ་པ་ཐོབ་ནས་རྒྱལ་པོ་རང་གི་ཕོ་བྲང་འོད་ཀྱིས་ཁྱབ་པས། བཙུན་མོ་ལ་སོགས་པས་གྲུབ་པ་ཐོབ་པར་གོ་ནས་མཆོད་པ་བྱེད་པ་ན། དེས། ཚད་མེད་བཞི་ཡི་སེམས་ཅན་ལ། །ཆགས་པས་འདོད་པ་སྤྱད་པར་བྱ། །དཔའ་བོ་ཞེ་སྡང་ཆེན་པོ་ཡིས། །དགྲ་རྣམས་མ་ལུས་བརླག་པར་བྱ། །ཞེས་གསུངས་པས། བླ་མ་ཀིརཔཱལ་བྱ་བར་གྲགས་ཤིང་། རྟོགས་པ་བརྗོད། དེ་ནས་ལོ་བདུན་བརྒྱར་འགྲོ་དོན་མཛད་དེ། འཁོར་དྲུག་བརྒྱ་དང་བཅས་མཁའ་སྤྱོད་དུ་གཤེགས་སོ། །གུརུཀིརཔཱལའི་ལོ་རྒྱུས་རྫོགས་སོ།། །།
