| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༧༠༽གུརུདྷཧུལི། Mahāsiddha Dhahulipa
༈གུརུདྷཧུལིའི་ལོ་རྒྱུས་ནི། ཡུལ་དྷོཀར་བྱ་བར་དམངས་རིགས་ཀྱི་གང་ཟག་ཅིག་རྩྭའི་ཐག་པ་བྱས་ནས་འཚོ་བའི་ཆེད་དུ་བཙོངས་པ་ན། དུས་གཅིག་གི་ཚེ་དེས་ཐག་པ་བསྒྲིལ་དྲག་པས་ལག་པ་ལ་ཆུ་འབུར་དྲག་པོ་བྱུང་སྟེ། ཟུག་རྔུ་ཆེན་པོ་བྱུང་བས། དེ་ངུ་ཡིན་ཕྱོགས་གཅིག་ཏུ་བསྡད་པ་ན། རྣལ་འབྱོར་པ་ཞིག་བྱོན་ནས་དེ་ལ་ཅི་ཉེས། གསུངས་པས། དེས་ཀྱང་གཏམ་དྲང་པོར་བཏང་བས། སླར་རྣལ་འབྱོར་པ་དེས་གསུངས་པ་ཁྱོད་ད་ལྟ་སྡུག་བསྔལ་འདི་ཙམ་ཡང་མི་བཟོད་པར་འདུག་ན། ཕྱི་མ་ངན་སོང་དུ་སྐྱེས་ཙ་ན་ཅི་ཙུག་བྱེད་པ་ཡིན་གསུངས་པས། དེ་ན་རེ། བླ་མ་དེ་ལས་ཐར་བའི་ཐབས་ཤིག་ཞུ་ཟེར་བས། རྣལ་འབྱོར་པས་དེ་ལ་དང་པོ་བྱིན་རླབས་འཕོ་བའི་དབང་བསྐུར་བྱས་ནས། རྟོག་པ་ལམ་ཁྱེར་གྱི་གདམས་པ་འདི་གསུངས་སོ། །སྣང་བ་གོམས་པའི་ཀུ་ཤ་དང་། །ཀུན་བཏགས་ཕར་སྣང་ཉིད་གནས་གཉིས། །གདོད་ནས་མ་གྲུབ་ངོ་བོར་ནི། །ནུས་པ་རྒྱུན་མི་ཆད་པར་སྒོམས། །ཞེས་གསུངས། དེས་ཀྱང་དེ་ལྟར་གསུངས་པའི་དོན་བརྩོན་འགྲུས་ཀྱི་ལོ་བཅུ་གཉིས་སུ་བསྒོམས་པས། ཀུན་བཏགས་གཞི་མེད། གཞན་དབང་རྟེན་འབྲེལ། ཡོངས་གྲུབ་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་རོ་གཅིག་ཏུ་རྟོགས་ནས་གྲུབ་པ་ཐོབ། ཕྱོགས་ཐམས་ཅད་དུ་རྣལ་འབྱོར་པ་དྷཧུལིཔཱ་ཞེས་གྲགས་ཤིང་། ལོ་བདུན་བརྒྱའི་བར་དུ་རྒྱ་གར་མཐའ་དབུས་རྣམས་སུ་འགྲོ་དོན་མང་དུ་མཛད་ནས་རྟོགས་པ་བརྗོད་པ་ཡང་གསུངས་ཏེ། འཁོར་ལྔ་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །གུརུདྷཧུལིའི་ལོ་རྒྱུས་རྫོགས་སོ།། །།
