| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༦༥༽གུརུམཎིབྷདྲཱ། Mahāsiddha Maṇibhadrā
༈གུརུམནིབྷདྲའམ་རྣལ་འབྱོར་མ་བྷཧུརི་ཞེས་པའི་ལོ་རྒྱུས་ནི། གྲོང་ཁྱེར་ཨགརྩེ་བྱ་བ་ན་ཁྱིམ་བདག་འབྱོར་པ་ཅན་ཞིག་ལ། བུ་མོ་ལོ་བཅུ་གསུམ་མ་གཅིག་ཡོད་པ་དེ་རང་གི་རིགས་དང་འཚམས་པའི་བག་མར་བཏང་ནས། སླར་ཕ་མའི་གམ་དུ་འོངས་ནས་དེ་ན་ཡོད་པ་ན། བླ་མ་ཀུཀུརིཔཱ་བྱོན་ནས་བུ་མོ་ལ་བཟའ་བ་བསླངས་པས། བུ་མོ་ན་རེ། ཉིད་གཟུགས་བྱད་ཕུན་སུམ་ཚོགས་པ་འདི་འདྲ་བ་ཟས་བསོད་སྙོམས་ཀྱིས་འཚོ་ཞིང་། གོས་ཚེམ་བུ་ཅན་གྱིས་ཅི་བྱེད། རང་གི་རིགས་དང་འཚམས་པའི་ཁྱིམ་ཐབ་ཅིག་ལེན་མོད་ཟེར་བས། དེའི་ཞལ་ནས། བདག་གི་འཁོར་བས་འཇིགས་ཤིང་སྐྲག་པས་ན། །ཐར་པ་བདེ་ཆེན་མཆོག་ནི་སྒྲུབ་པར་བྱེད། །དེ་ཡང་རྟེན་བཟང་འདི་ལ་མ་བསྒྲུབས་ན། །ཕྱི་ནས་འདི་འདྲ་རྙེད་པར་ག་ལ་འགྱུར། །དེས་ན་རྟེན་བཟང་ནོར་བུ་རིན་ཆེན་འདི། །ཁྱིམ་ཐབ་མི་གཙང་ནང་དུ་སྦས་པ་ན། །དགོས་འདོད་རེ་འཇོམས་སྡུག་བསྔལ་སྣ་ཚོགས་འབྱུང་། །དེ་ལྟར་རྟོགས་ནས་བདག་གིས་ཁྱིམ་ཐབ་སྤངས། །ཞེས་གསུངས་པས། དེ་དད་ནས་བསོད་སྙོམས་གྱ་ནོམ་པ་དྲངས་ནས། ང་ལ་ཐར་པ་ཐོབ་པའི་ཐབས་ཤིག་ཞུ་ཟེར་བ་ལ། དེས་ངའི་ཁྱིམ་དུར་ཁྲོད་ཡིན་པས་དགོས་ན་དེར་ཤོག་གསུངས་པས། དེ་བྱ་བ་གང་ཡང་མ་དྲན་ཏེ་དགོངས་ཀ་བྲོས་ནས་དེར་སོང་བ་ལ། བླ་མས་བུ་མོ་དེའི་རྒྱུད་སྨིན་པར་མཐོང་ནས་བདེ་མཆོག་དུ་དབང་བསྐུར། བསྐྱེད་རྫོགས་ཟུང་འཇུག་གི་གདམས་པ་གནང་ནས། ཞག་བདུན་དུ་དགོན་པ་དེ་ཉིད་དུ་སྒྲུབ་པ་བྱས། དེ་ནས་ཕ་མ་ཅན་དུ་ཕྱིན་པས། དེ་དག་བརྡེག་པ་དང་། ངན་སྨྲས་ལ་སོགས་པ་བྱེད་པས། བུ་མོས་ཁམས་གསུམ་པོ་དག་ན་ཕ་མར་མ་གྱུར་པ་ནི་མེད་ལ། རིགས་དང་རུས་ཆེ་བས་ཀྱང་འཁོར་བའི་གཏིང་ལས་བཟློག་པ་མེད་པས་ན། བདག་ནི་བླ་མ་བསྟེན་ནས་ཐར་པ་སྒྲུབ་པར་བྱེད་པས་རྒྱོབ་ཅིག་ངས་ལམ་དུ་ཁྱེར་རོ་ཟེར་བས། དེ་རྣམས་བག་ཅིག་དད་ནས་ཅང་མི་ཟེར་བ་ན། དེས་ཀྱང་བླ་མའི་གདམས་ངག་བསྒོམ་ཞིང་། ལས་དང་བྱ་བ་ཐམས་ཅད་བློས་བཏང་ནས་ལོ་གཅིག་ཏུ་བསྡད་པ་ན། སྔར་གྱི་ཁྱོ་དེ་འོངས་ནས་ཁྱེར་བས། དེའི་ཁྱིམ་དུ་ཕྱིན་པ་དང་། འཇིག་རྟེན་གྱི་ལས་དང་བྱ་བ་ཐམས་ཅད་ཇི་ལྟ་བར་བྱེད་ཅིང་ཁ་དང་ལུས་ཀྱང་ཐུབ། ངག་སྙན་པ་ལ་སོགས་པ་ཟེར་ཞིང་ཡོད་པ་ན། བུ་ཚ་ཡང་རིམ་པར་བུ་དང་བུ་མོ་གཉིས་སྐྱེས་སོ། །དེ་ཚོ་ཡང་དེ་ཁོ་ན་འདྲ་བར་ཡོད་པས་རིགས་ཀྱི་བུ་ཚ་འདི་འདྲ་ཟེར་ནས་ཀུན་གྱིས་སྨོན་པར་བྱེད་པའི་ཚེ། བླ་མ་དང་འཕྲད་ནས་ལོ་བཅུ་གཉིས་ལོན་དེ་ནས་ཉིན་གཅིག་ཆུ་འཆུར་ཕྱིན་ནས་ཁྱིམ་དུ་འོངས་པའི་ལམ་དུ་ཤིང་ཞིག་ལ་རྐང་པ་འཐོགས་ནས་རྫ་མ་ཆག་པས། དེ་གར་འདུག་ནས་ཁྱིམ་དུ་ཉི་མ་ཕྱེད་ཀྱི་བར་དུ་མ་འོངས་པ་དང་། ལྟར་ཕྱིན་པ་ན་རྫ་མ་ཆག་པོ་ལ་ལྟས་ནས་འདུག་པས། དེ་ལ་གཏམ་ཅི་སྨྲས་ཀྱང་མི་ཉན་པ་ལྟ་བ་ལ། ཐམས་ཅད་འདི་འདྲེས་གཟུང་ངམ་ཅི། ཟེར་ཞིང་ཉི་མ་རྒས་ལ་ཁད་པ་ན། ཐོག་མ་མེད་པའི་སེམས་ཅན་རྣམས། །ལུས་ཀྱི་རྫ་མ་ཆག་པ་ལ། །ཁྱིམ་དུ་ལོག་པ་ག་ལ་ཡོད། །བདག་གི་རྫ་མ་དེ་རིང་ཆག །ད་ནི་འཁོར་བའི་ཁྱིམ་དུ་ནི། །མི་ལྡོག་བདེ་བ་ཆེན་པོར་འགྲོ། །ཨེ་མ་བླ་མ་ངོ་མཚར་ཆེ། །བདེ་བ་ཐོབ་འདོད་དེ་ལ་བསྟེན། །ཅེས་གསུངས་ནས་ནམ་མཁའ་ལ་འཕགས་ཏེ། ཞལ་ཉི་ཤུ་རྩ་གཅིག་ན་ཨགརྩེ་ཞེས་པ་རང་གི་ཡུལ་པ་རྣམས་ལ་གདམས་པ་གསུངས་ནས་མཁའ་སྤྱོད་དུ་གཤེགས་སོ། །གུརུམཎིབྷ་དྲཱའི་ལོ་རྒྱུས་རྫོགས་སོ།། །།
