| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༦༡༽གུརུབྷིཀྵནནཔཱ། Mahāsiddha Bhikṣanapa
༈གུརུབྷིཀྵནཔཱའི་ལོ་རྒྱུས་ནི། བྷིཀྵནཔཱསྟེ་བསོད་སྙོམས་པ་བྱ་བ་ཡིན་ལ། ཡུལ་སཱའིཔུཏྲར་ན་དམངས་རིགས་ཤིག་ནོར་རྫས་དང་འབྱོར་བ་ཐམས་ཅད་ཉམས་ནས་གྲོང་དང་གྲོང་ཁྱེར་དུ་བསོད་སྙོམས་བྱེད་པ་ལས། དུས་གཅིག་ནས་བསོད་སྙོམས་མ་རྙེད་ནས། སེམས་ཁོང་དུ་ཆུད་ཅིང་། དབེན་པ་ཞིག་དུ་བསྡད་པའི་དུས་སུ་ཊཱཀི་མ་ཞིག་བྱོན་ནས། ཁྱོད་འདི་ན་ཅི་བྱེད་ཅིང་འདུག་གསུངས་པས། དེས་ཀྱང་བདེན་པར་སྨྲས་པ་ན། དེས་ང་ལ་འདོད་པ་རྙེད་པའི་ཐབས་ཡོད་ན་གསུངས་པས། དེ་ན་རེ། བདག་ལ་ཞུ་ཟེར། འོ་ན་ཡོན་ཅི་ཡོད། གསུངས་པས། དེས་སྟེང་འོག་གི་སོ་རེ་རེ་བཞག་ནས་གཞན་རྣམས་བཏོན་ཏེ་ཕུལ་བས། ལྷག་པའི་བསམ་པ་གཡོ་སྒྱུ་མེད་པར་མཁྱེན་ནས་དེ་ཉིད་དུ་དབང་བསྐུར། ཐབས་དང་ཤེས་རབ་ཟུང་འཇུག་གི་གདམས་པ་གནང་། དེ་ནས་དེས་ཀྱང་བསྒོམས་པས་ལོ་བདུན་ན་བདེན་པ་མཐོང་། ཟག་མེད་ཀྱི་ཡོན་ཏན་རྒྱུད་ལ་སྐྱེས་ནས་རང་གི་རྟོགས་པ་བརྗོད། གདུལ་བྱའི་དོན་དུ་གྲོང་དང་གྲོང་ཁྱེར་དུ་བྱོན་ནས་བྷིཀྵནཔཱ་ཞེས་བྱ་བར་གྲགས། ལོ་མང་པོ་ན་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུབྷིཀྵན་པཱའི་ལོ་རྒྱུས་རྫོགས་སོ།། །།
