| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༥༦༽གུརུལུཅིཀ་པཱ། Mahāsiddha Lucikapa
༈གུརུལུཅིཀའི་ལོ་རྒྱུས་ནི། ལུཅིཀ་ནི་ཙོག་འདུག་ཀོག་ལངས་མཁན་ནོ། །ཡུལ་ཤར་ཕྱོགས་བྷཾ་གཱལ་ན་བྲམ་ཟེ་ཞིག །མི་མང་པོ་ཤི་བས་ཤེས་པ་སྐྱོ་སྟེ། འཁོར་བ་ལས་བློ་ལོག་ནས་གནས་དབེན་པ་ཞིག་ཏུ་ཕྱིན་ཏེ་ཆོས་བྱེད་སྙམ་ནའང་གདམས་པ་མེད་པས། ད་ང་ལ་ཆོས་གསུང་བའི་བླ་མ་ཞིག་ནམ་འཕྲད་སྙམ་པ་ན། དུས་གཅིག་གི་ཚེ་རྣལ་འབྱོར་པ་ཞིག་དེར་བྱོན་པ་ན་དེ་དགའ་སྟེ་ཕྱག་འཚལ་བ་ན། རྣལ་འབྱོར་པ་ན་རེ། ང་ལ་ཕྱག་འཚལ་ནས་ཅི་དགོས། གསུངས་པ་ལ། དེ་ན་རེ། བདག་འཁོར་བ་ལས་བློ་ལོག་ནས་ཆོག་ཤིག་བྱེད་སྙམ་པ་ལ། གདམས་ངག་སྟོན་པའི་བླ་མ་མ་རྙེད་ནས། དེ་རིང་བླ་མ་དང་འཕྲད་པས་གདམས་པ་ཞུའོ་ཟེར་བས། རྣལ་འབྱོར་པ་དེས་དེ་ལ་བདེ་མཆོག་ཏུ་དབང་བསྐུར་ཏེ། བསྐྱེད་རྫོགས་ཀྱི་གདམས་པ་གནང་བས། དེས་འབད་ནས་བསྒོམས་པས་བཅུ་གཉིས་ན་བསྐྱེད་རྫོགས་ཟུང་དུ་ཆུག་སྟེ་གྲུབ་པ་ཐོབ་ནས། ལུཅིཀར་གྲགས་ཤིང་། ཞལ་ནས། འཁོར་བ་མྱ་ངན་འདས་པ་གཉིས། །ཐ་དད་ཡོད་པར་མ་མཐོང་སྟེ། །དེ་ཉིད་ཐར་པ་བདེ་ཆེན་པོ། །དམན་པར་བཟུང་བས་བགྲོད་པར་དཀའ། །ཞེས་གསུངས་ཏེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་པ་སྟེ། ནམ་མཁའ་ན་རྟོགས་པ་རྣམས་བརྗོད་དེ་མི་སྣང་བར་གྱུར་ཏོ། །གུརུལུཅིཀའི་ལོ་རྒྱུས་རྫོགས་སོ།། །།
