Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༥༡༽གུརུཔཾཀཇ། Mahāsiddha Paṅkajapa

༈གུརུཔཾཀཇའི་ལོ་རྒྱུས་ནི། རིགས་བྲམ་ཟེ། དངོས་གྲུབ་སྤྱན་རས་གཟིགས་ལས་སོ། །དེ་ཡང་པཾཀཇ་ཞེས་པ་བྲམ་ཟེའི་བུ་ཞིག་ས་ཕྱོགས་དབེན་པར་པདྨའི་འདབ་མའི་ཚལ་དུ་པདྨ་ལས་སྐྱེས་ཏེ། དེ་དང་མི་རིང་བ་ཞིག་ན་པདྨའི་རྫིང་བུའི་འགྲམ་ན་སྤྱན་རས་གཟིགས་ཀྱི་སྐུ་ཞིག་བཞུགས་པ་ལ། པཾཀཇ་དེ་རང་ཉིད་མཧཱ་དེཝ་ལ་མོས་པས་སྐུ་དེ་མཧཱདེཝ་ཡིན་པར་བསམ་ནས་ལོ་བཅུ་གཉིས་སུ་མཆོད་པ་བྱས། མེ་ཏོག་ཕུལ། ཡུལ་དེའི་ཆོས་ལུགས་ཀྱི་སྐུ་དེ་ལ་དུས་གསུམ་དུ་མཆོད་པ་བྱས་ནས། མེ་ཏོག་དེ་རང་གི་སྤྱི་བོར་ལེན་པ་ཡིན་པས། བར་དེར་སློབ་དཔོན་ཀླུ་སྒྲུབ་བྱོན་ནས་སྐུ་དེ་ལ་མེ་ཏོག་ཕུལ་བས། སྐུ་རང་གིས་བླངས་ནས་སྤྱི་བོར་བཞག་པས། པཾཀཇ་ཁྲོས་ནས་ངས་ལོ་བཅུ་གཉིས་སུ་མཆོད་པ་བྱས་པ་ལས་མི་ལེན། འདིས་ལན་གཅིག་བྱས་པ་ལས་ལེན་སྙམ་པ་དང་། སྐུ་གཟུགས་དེའི་ཞལ་ནས། ཁྱོད་རང་གི་བསམ་པ་མ་དག་པ་ཡིན། ངས་ཅི་ཡང་མ་ཉེས་ཞེས་པའི་སྒྲ་བྱུང་བ་དང་། དེར་དེ་འགྱོད་པ་སྐྱེས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞབས་སྤྱི་བོར་བླངས་ནས། བདག་རྗེས་སུ་གཟུང་དུ་གསོལ་ཟེར་བས། དེས་ཀྱང་དབང་བསྐུར་ནས་ལྟ་སྤྱོད་ཟུང་དུ་འཇུག་པའི་གདམས་པ་འདི་ལྟར་གནང་སྟེ། ཐུགས་རྗེ་ཆགས་པའི་བདེ་བ་དང་། །གདོད་ནས་མ་གྲུབ་གཅིག་ཡིན་ཏེ། །ཐ་དད་མེད་པར་ཡང་དག་ལྟ། །འཕགས་པ་ཉིད་ཀྱི་དགོངས་པའོ། །ཞེས་གསུངས་པས། དེས་གོ་ནས་བསྒྲུབས་པས་ཞག་བདུན་ནས་གྲུབ་པ་ཐོབ། འགྲོ་བ་ལ་ཐུགས་རྗེས་གཟིགས་ནས་སྤྱོད་པའི་གདམས་པས་ཕན་མང་དུ་བཏགས་ཏེ། མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཔཾཀཇའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact