| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༤༥༽གུརུཀཾཔརིཔཱ། Mahāsiddha Kamparipa
༈གུརུཀཾཔཱརིའི་ལོ་རྒྱུས་ནི། ཀཾཔརིཔཱ་སྟེ་མགར་བ། དེའི་ཡུལ་ནི་སཱལིཔུཏྲ། རིགས་མགར་བ། དེ་རིགས་རྒྱུད་ཀྱི་འཚོ་བ་དུས་རྟག་ཏུ་མགར་བ་བྱེད་ཅིང་འདུག་པ་དང་། དེ་ཡང་དུས་གཅིག་ན་དེ་མགར་བྱེད་པའི་སར་རྣལ་འབྱོར་པ་ཞིག་བྱོན་ནས། ཁྱོད་ཅི་བྱེད་ཀྱིན་འདུག །ཅེས་སྨྲས་པ་དང་། དེ་ན་རེ། བདག་རིགས་རྒྱུད་ཀྱི་ལས་མགར་བ་བྱེད་ཀྱིན་གདའ། ཟེར་རོ། །དེས་ཁྱོད་ཀྱི་ལས་འདི་བདེ་འམ། བྱས་པས། བདེ་བ་དག་ལྟ་ག་ལ་མཆི། མེ་མདག་དང་ཚྭ་ཚྭས་ལུས་རྟག་ཏུ་ཚིག་ཀྱང་། འཚོ་བའི་ཆེད་དུ་སྡུག་བསྔལ་དང་དུ་ལེན་ཅིང་གདའ་ཞུས་སོ། །རྣལ་འབྱོར་པས་དེ་ལས་ཟས་བླངས་པས། མགར་བ་བཟའ་མི་གཉིས་བདག་ཅག་བསོད་ནམས་ཆུང་བར་རིགས་དམན་པའི་ལག་ནས་ཟས་གསོལ་པ་ངོ་མཚར་ཆེ་སྙམ་ནས། དེ་གཉིས་མཆོག་ཏུ་དགའ་བ་དང་། རྣལ་འབྱོར་པས་ཁྱེད་ཅག་ཆོས་མི་བྱེད་དམ། བྱས་པས། བདག་ཅག་རིགས་ངན་ལ་གདམས་པ་སུས་སྟེར། ཟེར་བ་ལ། ཆོས་ལ་དད་ཅིང་སྒྲུབ་ནུས་ན་གདམས་པ་ངས་སྦྱིན་གྱིས་གསུངས་པས། དེ་དག་དགའ་ནས་ཕྱག་དང་མཆོད་པས་མཉེས་པར་བྱས་ནས། གདམས་པ་ཞུས་པས། བྱིན་རླབས་འཕོ་བའི་དབང་བསྐུར་ནས་དམིགས་པ་རྩ་གསུམ་གྱི་གདམས་པ་འདི་ལྟར་གནང་སྟེ། ཁྱོད་ཀྱི་ཕྱིའི་སྦུད་པ་དང་། སོལ་བ་དང་། མེ་དང་། ལྕགས་བཞུ་བའི་དམིགས་པ་འདི་ནང་དུ་སྒོམས་ཤིག །རྩ་རོ་མ་དང་རྐྱང་མ་གཉིས་སྦུད་པར་གྱིས། རྩ་ཨཝ་དྷུ་ཏི་སོལ་མལ་དུ་གྱིས། རྣམ་ཤེས་མགར་བར་གྱིས། ཡེ་ཤེས་ཀྱི་མེ་སྦོར། རྣམ་རྟོག་སོལ་བར་གྱིས། དུག་གསུམ་ལྕགས་སུ་གྱིས་ལ་རྡུང་དང་། ཆོས་སྐུ་གཉིས་མེད་བདེ་ཆེན་གྱི་བཟོའི་འབྲས་བུ་སྨིན་ནས་འོང་བ་ཡིན་གསུངས་ཏེ། དེའི་དོན་ཚིགས་སུ་བཅད་པ་དེ་གསུངས་པ། ཁྱོད་ཀྱི་ཕྱིའི་ལས་དག་ལ། །གོམས་པ་བཞིན་དུ་ནང་དུ་ཡང་། །ལལནཱ་དང་རསནཱའི། །གཡས་གཡོན་སྦུད་པ་གཉིས་ཡིན་ཏེ། །ཨཝདྷུ་ཏིའི་སོལ་མལ་དུ། །རྣམ་པར་ཤེས་པའི་མགར་བ་ཡིས། །རྣམ་པར་རྟོག་པའི་སོལ་བ་ལ། །རིག་པ་ཡེ་ཤེས་མེ་སྦར་ནས། །དུག་གསུམ་ཉོན་མོངས་ལྕགས་བཞུ་སྟེ། །ཆོས་སྐུ་ཟག་མེད་འབྲས་བུ་གྱིས། །ཞེས་གསུངས་པས། དེས་ཀྱང་རང་གི་ལས་དང་བསྟུན་ནས་བསྒོམས་པས། ལོ་དྲུག་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ལ། གཞན་གྱིས་མ་ཚོར་བ་ན། སོལ་མལ་དུ་འབད་པ་མེད་པར་བཟོ་སྣ་ཚོགས་གྲུབ་པ་དང་། སཱལིཔུཏྲའི་སྐྱེ་བོ་ཀུན་འོ་སྐོལ་གྱིས་མགར་བ་འདིས་ཡོན་ཏན་གྱི་ཆོས་ཐམས་ཅད་ཐོབ་ནས་འདུག་ཟེར་ནས། ངོ་མཚར་ཏེ། ཕྱོགས་ཐམས་ཅད་དུ་བླ་མ་ཀཾཔརི་པཱ་ཞེས་གྲགས། དེས་ཀྱང་འགྲོ་དོན་མང་དུ་བསྒྲུབས་ནས་མཐར་རང་གི་རྟོགས་པ་ལ་སོགས་པ་བརྗོད་ནས། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཀཾཔརི་པཱའི་ལོ་རྒྱུས་རྫོགས་སོ།། །།
