| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༤༢༽གུརུཨིནྡྲབྷཱུཏི། Mahāsiddha Indrabhūti
༈གུརུཨིན་དྲ་བྷཱུ་ཏིའི་ལོ་རྒྱུས་ནི། ཡུལ་ཨུ་རྒྱན་ན་གྲོང་ཁྱེར་འབུམ་ཚོ་ལྔ་ཡོད་པ་ལ། རྒྱལ་པོ་གཉིས་ཀྱིས་དབང་བྱེད། སམ་བྷོ་ལ་གྲོང་ཁྱེར་འབུམ་ཚོ་ཕྱེད་དང་གསུམ་ལ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་དབང་བྱེད། ལངྐཔུརིའི་གྲོང་ཁྱེར་འབུམ་ཚོ་ཕྱེད་དང་གསུམ་ལ་རྒྱལ་པོ་ཛཱ་ལེནྡ་རས་དབང་དུ་བྱེད་པ་ན། སམ་བྷོལའི་རྒྱལ་པོ་ཨིན་དྲ་བྷཱུཏི་ལ་སྲིང་མོ་ལཀྵམིཀཱར་བྱ་བ་ལོ་བདུན་ལོན་པ་ཞིག་ཡོད་དེ། ལངྐ་པུ་རིའི་རྒྱལ་པོ་ཛཱ་ལེན་དྲའི་བུ་ལ་སློང་དུ་བཏང་བ་ལས། རྒྱལ་བུ་ཨིནདྲ་བྷཱུཏིས་བློན་པོ་ཀུན་བསྡུས་ནས་གྲོས་བྱས་པ་ལ། ཛལེན་དྲའི་རྒྱལ་པོ་ཆོས་མི་བྱེད་པ་ཙམ་མ་གཏོགས་གཞན་མཉམ་པ་ཡིན་ཟེར་ནས་བཏང་བར་ཆད་ནས། ཕོ་ཉ་ལ་ཆོས་བྱེད་པ་དང་། མི་བྱེད་པའི་ཁྱད་པར་ཡོད་དེ། གཉེན་བྱ་ཡིས་གསུངས་ནས་བཟློག །དེའི་ཕྱི་ལོ་དེའི་སྲས་སམབྷོལར་འོངས་ནས། ལཀྵིམཀཱར་དང་འཕྲད་ནས་རྒྱལ་བུ་རང་གི་ཡུལ་དུ་ཆས་པ་ལ། ཨིན་དྲབྷུ་ཏིས་རྟ་དང་གླང་པོ་དང་གསེར་དངུལ་ལ་སོགས་པའི་སྐྱེས་མང་པོ་བསྐུར་ནས་བཏང་ངོ་། །དེ་རང་གི་ཡུལ་དུ་ཕྱིན་པ་དང་། ཕས་ཆུང་མ་ག་རེ། ཟེར་བ་ལ། བུ་མོ་ཆུང་བས་མ་བསྐུར་བྱས་པས། དེ་ལེགས་ཟེར། དེ་ཙ་ན་རྒྱལ་པོ་ཨིནྡྲ་བྷཱུཏི་ལ་བཙུན་མོ་མང་པོ་ཡོད་དེ་ཐམས་ཅད་ཆོས་ལ་དད་པ་ཤ་སྟག་ཡོད་པས། ལྕམ་དྲལ་བཙུན་མོ་དང་བཅས་པས་བླ་མ་ལྭ་ཝ་པཱ་ལ་དབང་དང་གདམས་པ་ཞུས་ནས་སྒྲུབ་པ་ལ་བརྩོན་པར་གནས་པ་ལ། ལྕམ་གྱིས་ལོ་བཅུ་དྲུག་ལོན་ནས། ཛཱ་ལེནདྲ་ཞེས་པའི་རྒྱལ་པོས་ཕོ་ཉ་བཏང་། དེ་ནས་ལྕམ་བྱིན་ཚུལ་དང་། ལྕམ་གྱིས་འཁོར་བ་ལ་ཡིད་འབྱུང་ནས་སྒྲུབ་པ་མཛད་དེ་གྲུབ་པ་ཐོབ་ནས་ཕྱག་དར་པ་རྗེས་སུ་གཟུང་ནས་མཁའ་སྤྱོད་དུ་གཤེགས་པ་སོགས་ལྕམ་རང་གི་རྣམ་ཐར་དུ་གསལ། དེ་ནས་རྒྱལ་པོ་ཛཱ་ལེནྡྲས་རྒྱལ་པོ་ཨིནྡྲབྷཏི་ལ་ལྕམ་གྱིས་ཇི་ལྟར་མཛད་ཚུལ་གྱི་ཕྲིན་དང་ཕོ་ཉ་བཏང་། ཨིནདྲབྷཱུཏིས་ངའི་ལྕམ་མོས་གྲུབ་པའི་ས་བརྙེས་པ་ནི་ལེགས་ཏེ། རང་ཉིད་ཞི་བདེ་མཛད་པ་ནི་མ་ལེགས་གསུང་ངོ་། །དེ་ནས་ཨིན་དྲབྷུ་ཏིའི་བསམ་པ་ལ་ངའི་སྲིང་མོ་དེ་སྐྱེ་བ་དོན་ཡོད་པར་སོང་འདུག་ང་ཡང་རྒྱལ་སྲིད་དོན་ཆུང་ལ། ཉེས་དམིགས་ཆེ་བ་འདི་སྤངས་ལ་ཆོས་བྱེད་དགོས་སྙམ་ནས། རང་གི་སྲས་ལ་རྒྱལ་སྲིད་གཏད་དེ་ཁང་བཟང་ཞིག་ཏུ་སྒྲུབ་པ་མཛད། ལོ་བཅུ་གཉིས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ལ། འཁོར་རྣམས་ཀྱིས་མ་ཤེས་ནས། སྲས་དང་འཁོར་འབངས་རྣམས་ཀྱིས་བལྟར་ཕྱིན་པ་ནས་དེའི་སྒོ་དབྱེ་བར་བརྩམས་པ་དང་། ནམ་མཁའ་ནས་སྒོ་མ་དབྱེ། ང་འདི་ན་ཡོད་ཟེར་བ་ཐོས་ནས་ནམ་མཁའ་ལ་བལྟས་པས། དེ་རྣམས་ཀྱིས་རྒྱལ་པོ་ནམ་མཁའ་ལ་བཞུགས་པར་མཐོང་ནས་ས་དང་པོ་ཐོབ་པ་ཙམ་གྱི་དགའ་བ་སྐྱེས་ཏེ། དད་བཞིན་དུ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག །ཡབ་རྒྱལ་པོ་ནམ་མཁའ་ལ་ཞག་བདུན་དུ་བཞུགས་ནས་སྲས་དང་འཁོར་འབངས་རྣམས་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་བསམ་གྱིས་མི་ཁྱབ་པ་གསུངས་ནས་འཁོར་བདུན་བརྒྱ་དང་བཅས་པ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཨིནདྲབྷུ་ཏིའི་ལོ་རྒྱུས་རྫོགས་སོ།། །།
