| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༣༧༽གུརུམཧིཔཱ། Mahāsiddha Mahipa
༈གུརུམཧིཔཱའི་ལོ་རྒྱུས་ནི། མཧིཔཱ་སྟེ་ང་རྒྱལ་ཅན་ནོ། །དེ་ཡང་ཡུལ་མགདྷ་ན། དམངས་རིགས་ཀྱི་གང་ཟག་ལུས་སྟོབས་ཤེད་ཆེ་བ་ཞིག་གནས་པ་དེ། ངས་མི་ཐུབ་པའི་མིའམ་སྲོག་ཆགས་གང་ཡང་མེད་སྙམ་པའི་ང་རྒྱལ་གྱིས་དུས་རྟག་ཏུ་ནོན་ནས་འདུག་པའི་གམ་དུ་རྣལ་འབྱོར་པ་ཞིག་བྱོན་ནས་དེ་ལ་བལྟས་ཏེ། ཁྱོད་ཅི་སེམས་ཤིང་འདུག །གསུངས་པས། ཅི་ཡང་སེམས་པ་མེད། ཟེར་བས། འོ་ན་ངས་མི་ཐུབ་པ་ཅི་ཡང་མེད་སྙམ་པ་དེ་ཅི་ཡིན། གསུངས་པས། དེ་དད་ནས། ན་མོ་ཞེས་ཕྱག་བྱ་བའི་ཚེ། ང་རྒྱལ་གྱི་དྲི་མ་དག་པར་གྱུར་ཅིག་གསུངས་པས། དེ་ན་རེ། བདག་ལ་ཆོས་ཤིག་ཞུ་ཟེར་བས། རྣལ་འབྱོར་པས་རུང་གསུངས་ཏེ། བྱིན་རླབས་འཕོ་བའི་དབང་བསྐུར་མཛད། དེ་ནས། སྣང་བ་སེམས་སུ་ཤེས་བྱས་ན། །སེམས་ཉིད་སྟོང་པ་སྐྱེ་འགག་མེད། །དེ་ལ་མ་ཡེངས་སྒོམ་པ་ཡིན། །ཀློང་དུ་གྱུར་ན་འབྲས་བུའོ། །གསུངས་པ། དེས་མ་གོ་ལགས་ཞུས་པས། ཡང་། ཁྱོད་ནི་སྟོབས་ཅན་ཉིད་ཡིན་པས། །ཁྱོད་ཀྱིས་མི་ཐུབ་གང་ཡང་མེད། །སྣང་བ་རླུང་དང་ཤེས་པ་གསུམ། །ནམ་མཁའི་དབྱིངས་སུ་གཟུང་བར་བྱའོ། །ཞེས་འགལ་བ་ལམ་ཁྱེར་གྱི་གདམས་པ་བསྟན་པས། དེས་ཀྱང་དེ་ཅི་དཀའ་སྙམ་ན་བཟུང་བས། གཟུང་བའི་ཡུལ་མ་རྙེད་ཅིང་། འཛིན་པའི་ཤེས་པ་སྟོར་ནས་ནམ་མཁའི་དབྱིངས་ལྟར་རྟོགས་པས་གྲུབ་པ་ཐོབ། ཡུལ་མགདྷ་ལ་སོགས་པར་ལོ་སུམ་བརྒྱའི་བར་དུ་གདུལ་བྱ་དཔག་ཏུ་མེད་པ་ལ་གནས་ལུགས་དངོས་མེད་སྟོབས་ལྡན་གྱི་གདམས་པ་གནང་ནས། མཐར་འཁོར་ཉིས་བརྒྱ་ལྔ་བཅུ་རྩ་གཅིག་དང་བཅས་ཏེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུམཧི་པའི་ལོ་རྒྱུས་རྫོགས་སོ།། །།
