| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༣༡༽གུརུཊིངྒིཔཱ། Mahāsiddha Ḍeṅgipa
༈གུརུཊིངྒིཔའི་ལོ་རྒྱུས་ནི། རིགས་བྲམ་ཟེ། ཡུལ་སཱའིཔུཏྲའི་རྒྱལ་པོ་ཨིནྡྲ་པཱལ་བྱ་བའི་བློན་པོ་ཡིན་ལ། རྒྱལ་པོ་དེ་འཁོར་བ་ལ་སྐྱོ་བ་སྐྱེས་ནས། བློན་པོ་དེ་དང་གཉིས་ཀ་དུར་ཁྲོད་ན་ལཱུཧིཔཱ་བཞུགས་པའི་གནས་སུ་ཕྱིན་ནས་སྒོ་བརྡུངས་པས། སློབ་དཔོན་གྱིས་སུ་ཡིན། གསུངས་པ་དང་། དེ་གཉིས་ཀྱིས་བདག་རྒྱལ་པོ་དང་། བློན་པོ་ཡིན་ནོ། །ཞེས་སྨྲས་པ་དང་། འོ་ན་ནང་དུ་ཤོག་གསུངས། དེ་གཉིས་ནང་དུ་ཕྱིན་པ་དང་དེ་གཉིས་ལ་སློབ་དཔོན་གྱིས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར། དབང་ཡོན་དུ་ཁོ་རང་གཉིས་ཀྱི་ལུས་ཕུལ་ནས། གཞན་གྱི་ཡུལ་ཨོཊིསར་ཕྱིན་པ་དང་། དེར་དཔོན་སློབ་གསུམ་གྱིས་བསོད་སྙོམས་བྱེད་ཅིང་བསྡད། དེ་ནས་རྒྱལ་པོ་བཙོངས་པའི་ལོ་རྒྱུས་སོགས་དཱརིཀཱཔཱའི་རྣམ་ཐར་དུ་གསལ་ལ། སློབ་དཔོན་ལཱུཧི་པ་དང་བྲམ་ཟེའི་བློན་པོ་གཉིས་ཀྱིས་ཇཱ་ཡིན་ཏ་པུ་རར་ནང་པའི་རཱཇཱའི་རྩར་ཞག་བདུན་ནས་བརྟོལ་ཏེ། དེར་ཆང་འཚོང་མ་ཡོད་པའི་གན་དུ་ཕྱིན་ནས། ཆང་འཚོང་གཙོ་མོའི་སྒོ་བཙལ་ནས་ཁྱེད་ཀྱི་གཙོ་མོ་མི་མི་ཉོའམ། ཞེས་སྨྲས་པ་དང་། དེས་ནང་དུ་སྨྲས་པ་ན་ཉོ་ཟེར་ཞིང་། རིན་ཅི་དགོས་ཟེར་བ་ལ་སློབ་དཔོན་གྱིས་གསེར་ཏོ་ལ་སུམ་བརྒྱ་དགོས་གསུངས་པས། དེས་དེ་བཞིན་དུ་བྱས་ཏེ་བྲམ་ཟེའི་བུ་ཁྱེར་རོ། །སློབ་དཔོན་གྱིས་དེ་ལ་བཙིགས་སུ་ཁོ་རང་གཅིག་པུར་ཉལ་དུ་ཆུག་ལ་རིན་འཁོར་བ་དང་ཐོང་ཞིག་གསུངས་ནས་སློབ་དཔོན་གཤེགས་སོ། །དེ་ནས་སློབ་དཔོན་བྲམ་ཟེ་དེས་ཆང་འཚོང་མའི་ལས་ཁྱད་པར་ཅན་བྱས་པས་དགའ་ནས་གཙོ་འཁོར་ཀུན་ཇོ་བོ་ཟེར་རོ། །དེ་ནས་ཞག་གཅིག་གི་ཚེ་ཉིན་པར་ལས་བྱས་ནས་ཟས་ལ་མ་བསྒུགས་པར་མཚན་མོ་སྐྱེད་མོས་ཚལ་དུ་ཉལ་དུ་ཕྱིན་པ་དང་། ཆང་འཚོང་མས་ཟས་མ་བྱིན་པ་དེ་མཚན་མོ་དྲན་ནས་སྐྱེལ་དུ་བཏང་བ་ན། བྲམ་ཟེ་ལ་བུ་མོ་བཅོ་ལྔ་ཙམ་གྱིས་བསྙེན་བཀུར་ནི་བྱེད། རང་ཉིད་ཀྱི་ལུས་ཀྱི་སྣང་བ་ལ་འདུག་པ་མཐོང་པས། དེ་ཆང་འཚོང་མ་ལ་བསྙད་པས། དེ་འགྱོད་པ་སྐྱེས་ཏེ། དེས་སློབ་དཔོན་ལ་ཁྱེད་བདག་ཅག་གི་ལོ་བཅུ་གཉིས་སུ་བཀོལ་བའི་སྡིག་པ་བདག་ལ་ཡོད་པས། དེའི་དོན་དུ་ལོ་བཅུ་གཉིས་སུ་བདག་གི་མཆོད་གནས་མཛོད་ཅིག །བདག་བསྙེན་བཀུར་བྱེད་པ་ལགས་ཞེས་ཞུས་པས། དེ་མ་བཞེད་དེ། ཚང་འཚོང་མ་ལ་སོགས་པ་ཇཱཡནཏ་པུ་རིའི་སྐྱེ་བོའི་ཚོགས་ཐམས་ཅད་ལ་ཆོས་བཤད་ནས་གདམས་ངག་ཕོག་སྟེ། འཁོར་བདུན་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །མཚན་ནི་འབྲས་རྡུང་བའི་ལས་བྱེད་པས་ཊཱིངྒི་པཱ་ཞེས་གྲགས་ལ། དེས་ཚིགས་སུ་བཅད་པ་གསུངས་པ། རིག་བྱེད་འདོན་པའི་ཊིངྒི་པཱ། །འབྲས་བརྡུང་བ་ཡི་བསམ་གཏན་ཅན། །གཏུན་དུ་འབྲས་ནི་ལེགས་པར་བརྡུངས། །ཕྱག་མས་འཐོར་བ་སྡུད་པར་བྱེད། །བླ་མའི་གདམས་པས་འབྲས་དག་བརྡུངས། །ལས་གཞན་དག་ནི་མི་བྱེད་པར། །ནག་པོ་ཡི་ནི་འབྲས་དག་བརྡུངས། །དང་པོ་དགེ་བས་སྡིག་པ་བརྡུངས། །རྡོ་རྗེ་རིག་པའི་ཐོ་བ་ཡིས། །ཟེར་ནི་ཉི་མ་ཟླ་བ་ཡིན། །གཏུན་ཁུང་ཆོས་ཉིད་སྟོང་པ་རུ། །སྤང་བླང་གཉིས་སུ་མེད་པར་བརྡུངས། །ཧཱུཾ་སྒྲས་རྣམ་རྟོག་ཞོ་དཀྲོགས་པས། །བདེ་བ་ཆེན་པོའི་མར་དག་འབྱུང་། །རོ་ནི་གཉིས་སུ་མེད་པར་མྱོང་། །ཞེས་གསུངས་སོ། །ཊིངྒིཔཱ་ཆང་འཚོང་མ་ལ་ཚོང་བའི་དགོས་པ་ནི་བྲམ་ཟེ་རྟོག་པ་ཆེ་བ་དེ་ཆང་འཚོང་གིས་ཉམས་འགྲོ་བས་རིགས་ཀྱི་ང་རྒྱལ་བཅག་པའི་ཕྱིར་དེར་བཙོངས་པ་ཡིན་ནོ། །ཞེས་གསུངས། །གུརུཊཱིངྒིཔཱའི་ལོ་རྒྱུས་རྫོགས་སོ།། །།
