| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༣༠༽གུརུཀམྦྷལ་པཱ། Mahāsiddha Kambala
༈གུརུཀམྦྷལ་པཱའི་ལོ་རྒྱུས་ནི། ཡུལ་ཀངྐརམ་བྱ་བ་ན། རྒྱལ་པོ་ཞིག་གྲོང་ཁྱེར་འབུམ་ཚོ་བརྒྱད་ཅུ་རྩ་བཞི་ལ་དབང་བྱེད་པ་དེ་ལ་སྲས་གཉིས་ཡོད་པ་ལ། དེའི་ཡབ་གྲོངས་པ་དང་། སྲས་ཆེ་བ་རང་བཞིན་བཟང་བས་འབངས་རྣམས་ཀྱིས་དེ་རྒྱལ་ཚབ་ཏུ་དབང་བསྐུར་བ་དང་། དེའི་བསོད་ནམས་ཀྱིས་སྐྱེ་བོའི་ཚོགས་ཐམས་ཅད་འབྱོར་པ་དང་ལྡན་པར་གྱུར་ནས། གསེར་ལ་སོགས་པའི་སྣོད་དུ་བཟའ་བ་ལོངས་སྤྱོད་པར་བྱེད་དོ། །རྒྱལ་བུ་དེས་རྒྱལ་སྲིད་བཟུང་ནས་ཟླ་བ་དྲུག་གི་བར་དུ་ཡུམ་དང་མ་འཕྲད་ན། དེར་ངའི་མ་གར་སོང་། འདིར་མི་འོང་བ་ཅི། ཞེས་སྨྲས་པས། འཁོར་གཞན་རྣམས་ཀྱིས་ཡབ་ཀྱི་མྱ་ངན་བྱེད་པས་འདིར་མ་གཤེགས་སོ་ཟེར་རོ། །དེ་ནས་ལོ་གཅིག་ལོན་པ་དང་། མ་དེར་འོངས་ནས་ངུས་པས། དེར་བུས་ཡུམ་ཅི་ལ་བཤུམ། བྱས་པས། མས་ང་ཁྱོད་རིན་པོ་ཆེའི་ཁྲི་ལ་འདུག་ཅིང་རྒྱལ་སྲིད་བྱེད་པ་ལ་མ་དགའ་ནས་ངུས་པ་ཡིན་ཟེར་བས། རྒྱལ་བུས་མ་ལ་ཞུས་པ་ཡུམ་མི་དགྱེས་ན་ནུ་བོ་ལ་རྒྱལ་སྲིད་འཛིན་དུ་བཅུག་ནས། བདག་རབ་ཏུ་བྱུང་བ་བགྱིད་ལགས་སམ། ཞུས་པས། མས་དེ་རུང་ཟེར། དེ་ནས་གཅུང་ལ་རྒྱལ་སྲིད་གཏད་དེ་རབ་ཏུ་བྱུང་། འཁོར་དགེ་སློང་སུམ་བརྒྱ་དང་བཅས་ཏེ་གཙུག་ལག་ཁང་ཞིག་ཏུ་བཞུགས་པ་ན། དེར་མ་འོངས་ནས་ཡང་ངུས་པ་དང་། སྲས་ཀྱིས་དེ་ལ་ཕྱག་བྱས་ཏེ། ཡུམ་ཅི་ལ་བཤུམ། བྱས་པས། མས་ཁྱོད་རབ་ཏུ་བྱུང་ཡང་རྒྱལ་པོའི་ཚུལ་ལྟར་འཁོར་དང་འདུ་འཛིའི་ནང་དུ་བཞུགས་པ་འདིས་མ་དགའ་བ་ཡིན་ཞེས་སྨྲས་པ་དང་། སྲས་ཀྱིས་འོ་ན་ཅི་ཙུག་བགྱི། ཞེས་ཞུས་པས། མས་དགོན་པར་འདུ་འཛི་སྤོངས་ལ་འདུག་ཅིག་ཟེར་བས། དེས་གཙུག་ལག་ཁང་སྤངས་ནས་དགོན་པར་ཤིང་དྲུང་ཞིག་གི་རྩར་འདུག་པ་དང་། དེར་ཡང་བཟའ་བ་ལ་སོགས་པ་བསོད་ནམས་ཀྱི་ལས་འཕྲོས་བྲེལ་བ་མེད་པར་གྱུར་པ་དང་། ཡང་དེར་ཡུམ་བྱོན་ནས་ངུས་པས། སྲས་ཀྱིས་ཡུམ་ལ་ཕྱག་བྱས་ཏེ། ཅི་ཙུག་བགྱི། ཞུས་པས། མ་ན་རེ་རབ་ཏུ་བྱུང་བ་ལ་འཚོ་བའི་ཡོ་བྱད་དོན་མེད་པ་བཅངས་ནས་ཅི་བྱེད། ཟེར་རོ། །དེ་ནས་དེས་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ཀུན་བོར་ནས། རྣལ་འབྱོར་པའི་ཆ་ལུགས་སུ་བྱས་ཏེ་ཡུལ་ཁམས་གཞན་དུ་ཕྱིན་པ་ན། དེའི་མ་མཁའ་འགྲོ་མ་ཡིན་པས་ལམ་བར་དུ་སྲས་ལ་བདེ་མཆོག་གི་དཀྱིལ་འཁོར་ཏུ་དབང་བསྐུར་ནས་ཆོས་བཤད་པས། སྲས་དུར་ཁྲོད་དུ་ཐལ་བའི་ནང་དུ་ཉལ་གྱིན་ལོ་བཅུ་གཉིས་སུ་བསྒྲུབས་པས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ་ནམ་མཁའ་ལ་ཕྱིན་པ་དང་། ཡུམ་ཌཱཀི་མ་མང་པོ་དང་ལྷན་ཅིག་ནམ་མཁའ་ལ་འོངས་ནས་སྲས་ལ་སྨྲས་པ། ཁྱོད་སེམས་ཅན་ཀྱི་དོན་མི་བྱེད་པར་ནམ་མཁའ་ལ་འགྲོ་བ་ལ་ངོ་མཚར་ཆེ་རྒྱུ་ཅི་ཡོད། དེ་འདྲ་བྱ་དང་འདྲ་བ་ཡིན་པས་ད་འགྲོ་དོན་གྱིས་ཤིག་གསུངས། སྲས་ཀྱི་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་མཱལ་པུར་བྱ་བ་ན་གྲོང་ཁྱེར་འབུམ་ཚོ་ཕྱེད་དང་གསུམ་ཡོད་པར་ཕྱིན་པ་དང་། དེ་ན་ཡུལ་ཀརཝཱིར་ཞེས་བྱ་བ་ན་བྲག་ཕན་ཝ་ཞེས་བྱ་བའི་དགོན་པ་ན་ཏལ་རྩེ་ཕུག་བྱ་བའི་ཕུག་པ་ཡོད་པར་བཞུགས་ནས་སྒྲུབ་པ་བྱས་པས་ཕྲ་མེན་མ་ཀུན་གྱིས་ཚོར་ནས། ཕྲ་མེན་མ་གཅིག་གིས་གཅིག་ལ་སྦྲན་པ་དང་། ཕྲ་མེན་ཀྱི་གཙོ་མོ་པདྨཱ་དེ་ཝི་བྱ་བ་འཁོར་དང་བཅས་ཏེ་བར་ཆད་ལ་འོངས་པ་དང་། སློབ་དཔོན་ལྭ་བ་ནག་པོ་ཞིག་གྱོན་ནས་གྲོང་ཁྱེར་དུ་བསོད་སྙོམས་ལ་བྱོན་པའི་ལམ་དུ་ཕྲ་མེན་མའི་བུ་མོ་ཚན་གཅིག་དང་ཕྲད་ནས། དེ་རྣམས་ཀྱིས་སློབ་དཔོན་ལ་ཁྱེད་ལ་བདག་ཅག་བཞེས་པ་འདྲེན་པས། ངེད་ཀྱིས་ཁྱིམ་དུ་གཤེགས་པར་ཞུ་ཟེར་བ་ལ། སློབ་དཔོན་གྱིས་བདག་ཁྱིམ་གཅིག་ནས་མི་ཟ་བསོད་སྙོམས་བྱེད་པ་ཡིན་གསུངས་ནས། པདྨཱ་དེཝི་ལ་སོགས་པ་ལ་ལྭ་ཝ་བཅོལ་ནས་བྱོན་ནོ། །ཕྲ་མེན་མ་ཚན་པ་དེ་རྣམས་ཀྱིས་གྲོས་བྱས་ཏེ། རྫས་ལ་ནུས་པ་ཡོད་པ་ཡིན་པས་འདིའི་ལྭ་བ་བཟའ་དགོས་ཟེར་ནས་ཟོས། ལྷག་མ་མེ་ལ་བསྲེགས་པ་དང་། སློབ་དཔོན་ལོག་ནས་འོངས་ཏེ། ཕྲ་མེན་མ་ཀུན་ལ་ངའི་ལྭ་བ་བཅོལ་བ་བྱིན་ཅིག །གསུངས་ནས། ཕྲ་མེན་མས་ལྭ་བ་གཞན་ཞིག་བྱིན་པ་དང་། ང་རང་གི་ལྭ་བ་དགོས་གསུངས་ནས། ཕྲ་མེན་མས་གསེར་ལ་སོགས་པའི་བསླུས་མ་གཏད་ཀྱང་མ་བཞེས། སློབ་དཔོན་གྱི་རྒྱལ་པོའི་གམ་དུ་བྱོན་ནས་འདི་སྐད་དུ། ཁྱོད་རྒྱལ་པོ་ཡིན་ན་ཆོམ་རྐུན་ལ་སོགས་པ་མི་སྲུང་བ་ཅི་ཡིན། གསུངས་པས། རྒྱལ་པོ་ན་རེ། ཆོམ་རྐུན་གྱིས་སུ་བཅོམ། ཟེར་བ་ལ། སློབ་དཔོན་གྱིས་ཁྱོད་ཀྱི་ཕྲ་མེན་མ་ཀུན་གྱིས་ངའི་ལྭ་བ་ཁྱེར་ཟེར་བ་ལ། རྒྱལ་པོས་ཕྲ་མེན་མ་ཀུན་བཀུག་ནས་རྣལ་འབྱོར་བའི་ལྭ་བ་བྱིན་ཅིག་བྱས་ཀྱང་། བདག་ལ་མེད་ཟེར་ནས་མ་བྱིན། སློབ་དཔོན་ཏལ་རྩེ་ཕུག་ཏུ་བྱོན་ནས་སྒྲུབ་པ་བྱས། ཁྲོ་བོ་བཅུ་ལ་གཏོར་མ་བཏང་བ་དང་། ཕྲ་མེན་མ་དུམ་གཅིག་གིས་ཕུག་གི་ཆུ་སྐམས་པར་བྱས་པ་ན། སློབ་དཔོན་གྱིས་སའི་ལྷ་མོ་ལ་ཆུ་ཐོན་ཅིག་གསུངས་པས་ཆུ་བྱུང་ངོ་། །དེ་ནས་ཕྲ་མེན་མ་ཀུན་འདུས་ཏེ་གླིང་བཞི་རི་རབ་དང་བཅས་པ་ན་གནས་པའི་ཕྲ་མེན་མ་ཀུན་ལ་སྨྲས་པས་ཐམས་ཅད་ཀྱང་འོངས་པ་དང་། སློབ་དཔོན་གྱིས་ཐམས་ཅད་ལུག་ཏུ་བྱས་ཏེ་བོར་བས། རྒྱལ་མོ་ལ་སོགས་པ་ཀུན་ཀྱང་ལུག་ཏུ་སོང་བས། ཧ་ལས་ཏེ། སློབ་དཔོན་ལ་གསོལ་བ་བཏབ་པ་དང་། སློབ་དཔོན་གྱིས་ལུག་ཐམས་ཅད་ཀྱི་མགོའི་སྤུ་བྲེགས་ནས་བཏང་བས། བུད་མེད་ཐམས་ཅད་སྐྲ་བྲེགས་པ་ཤ་སྟག་ཏུ་སོང་ནས་ངུ་ཡིན་འདུག་གོ །ཡང་དེ་ཉིད་བཞུགས་པ་ལ་འདོད་ཁམས་ཀྱི་ལྷ་རྣམས་ཀྱིས་བྲག་བཅད་དེ་བཀྲོང་བར་བྱས་པ་ལ། ཡར་ལ་སྡིགས་མཛུབ་མཛད་པས་བྲག་ནམ་མཁའ་ལ་ཡེ་རེ་ཆགས་པ་ད་དུང་ཡང་ཡོད་དོ། །དེར་རྒྱལ་པོས་ཀྱང་ཕྲ་མེན་མ་འདི་ཙམ་གྱིས་མི་གཅིག་མ་ཐུབ་པ་ཅི་ཉེས། ད་བཟོད་པ་ཕུལ་ལ་དམ་ལ་གནས་པར་གྱིས་བྱས་ཀྱང་མ་ཉན་པ་ན། བླ་མས་ཕྲ་མེན་མ་རྣམས་སྟར་ལ་བརྒྱུས་ཏེ་གཤིན་རྗེའི་ཆོས་ཀྱི་རྒྱལ་པོ་ལ་གཏོད་པའམ། ངའི་བསྟན་པ་ལ་ཞུགས་ནས་དམ་ལ་གནས་པར་མི་བྱེད་ན། རྟ་རུ་བྱས་ཏེ་ཁྱེར་བ་ཡིན་ཞེས་གསུངས་པས། ཕྲ་མེན་མ་ཀུན་སློབ་དཔོན་གྱི་ནུས་པ་ལ་འཇིགས་ནས། སྐྱབས་སུ་སོང་ཞིང་དམ་ལ་གནས་པར་མཛད་དོ། །དེ་ནས་ཕྲ་མེན་མ་དག་གིས་ཟོས་པའི་ལྭ་བ་ཀུན་སྐྱུགས་ཏེ། སློབ་དཔོན་གྱིས་ལྭ་བའི་དུམ་བུ་ཀུན་བསྡུས་ནས་བསྒྲིགས་པས་སྔ་མ་ལས་བག་ཙམ་ཐུང་བ་ཞིག་བྱུང་བ་བསྣམས་ནས་གཤེགས་པས། མཚན་ཡང་ཀམྦལཔཱ་ཞེས་པའམ་ལྭ་བ་པ་ཞེས་གྲགས། ཤྲཱིཔྲབྷཱཏ་ཞེས་ཀྱང་བྱ་སྟེ། ལོ་དཔག་ཏུ་མེད་པར་འགྲོ་དོན་མཛད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཀམྦལཔཱའི་ལོ་རྒྱུས་རྫོགས་སོ།། །།
