Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༢༩༽གུརུཀཾཀནཔཱ། Mahāsiddha Kaṅkaṇa

༈གུརུཀཾཀནའི་ལོ་རྒྱུས་ནི། ཡུལ་ཝིཥནུནགར། རིགས་རྒྱལ་རིགས་ཡུལ་དེ་ན་རྒྱལ་པོ་གཅིག་ལ་རྒྱལ་སྲིད་ཕུན་སུམ་ཚོགས་ཤིང་འདོད་པའི་ཡོན་ཏན་གྱིས་བྲེལ་བ་མེད་པ་ལ་ལོངས་སྤྱོད་ཅིང་གནས་པའི་ཚེ། དེའི་གམ་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་བྱོན་ནས་བསོད་སྙོམས་བསླངས་པས། རྒྱལ་པོས་བཟའ་བ་དང་། བཅའ་བ་གྱ་ནོམ་པ་དྲངས་ནས། རྣལ་འབྱོར་པ་དེས་རྒྱལ་པོ་ལ་གསུངས་པ། རྒྱལ་པོ། རྒྱལ་སྲིད་ལ་སྙིང་པོ་མེད་ཅིང་། སྲིད་པར་སོང་བ་ཐམས་ཅད་སྡུག་བསྔལ་བ་ཡིན་ཏེ། སྐྱེ་རྒ་ན་འཆི་ཟོ་ཆུན་ལྟར་འཁོར་བ་ཡིན་ཞིང་། བྱེ་བྲག་གི་སྡུག་བསྔལ་ཟད་པ་མེད་ལ། མཐོ་རིས་ཀྱི་བདེ་བའང་འགྱུར་བའི་སྡུག་བསྔལ་ཡིན། སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡང་ངན་སོང་དུ་ལྟུང་བ་ཡོད་ན། འདོད་ཡོན་སླུ་བྱེད་ཟིན་པ་དང་འདྲ་བ་ལ་མ་ཆགས་པར་རྒྱལ་པོ་ཆོས་མཛོད་ཅིག་གསུངས་པས། རྒྱལ་པོ་ན་རེ། འདོད་པའི་ཡོན་ཏན་མ་སྤངས་པར་ཆོས་སྒྲུབ་པའི་ཐབས་ཡོད་ན་ཆོས་བགྱིད་ཀྱི། དེ་མ་ཡིན་པར་གོས་ཚེམ་བུ་ཅན་དང་། ཟས་བསོད་སྙོམས་ཀྱིས་བདག་ལ་འཚོ་མི་ནུས་སོ། །ཞེས་སྨྲས་པ་དང་། རྣལ་འབྱོར་པས་དེས་སྨྲས་པ། གོས་ཚེམ་བུ་དང་། ཟས་བསོད་སྙོམས་ནི་མཆོག་ཡིན་པས། ཉིད་ཀྱང་དེ་འདྲ་བ་ལ་བསྟེན་དགོས་སོ། །ཞེས་སྨྲས་པ་ན་རྒྱལ་པོ་ན་རེ། གོས་ཚེམ་བུ་ཅན་སྐྱུག་བྲོ། ཁ་ཕོར་ཐོད་པ་དང་། ཟས་ལྷག་རོལ་སྐྱུག་བྲོ་བས། འདི་བདག་གིས་མི་ནུས་སོ་ཞེས་ཞུས་པ་དང་། རྣལ་འབྱོར་པ་དེས་སྨྲས་པ། ཁྱོད་ཀྱི་དེ་འདྲ་བའི་ང་རྒྱལ་དང་། རྒྱལ་སྲིད་བྱེད་པ་ནི་མཐར་ངན་སོང་གི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ལ། ངས་གོས་ཚེམ་བུ་ཅན་དང་། ཟས་ལྷག་རོལ་དང་། སྣོད་ཐོད་པ་ཁུར་ཡང་འབྲས་བུ་ཟག་པ་མེད་པའི་བདེ་བ་ཐོབ་པ་ཡིན་པས། འོ་སྐོལ་གྱི་རྒྱལ་སྲིད་ཁྱད་པར་ཆེ་བ་ཡིན། སྨྲས་ནས་རྒྱལ་པོ་ལ། འོན་ཀྱང་འདོད་ཡོན་མ་སྤངས་པར་ཆོས་སྒྲུབ་པའི་ཐབས་ང་ལ་ཡོད་ཀྱི། གསུངས་པས། རྒྱལ་པོ་ན་རེ། འོ་ན་བདག་ཆོས་བགྱིད་ལགས་པས། གནང་དགོས་ཞུས་པ་ལ། རྣལ་འབྱོར་པས་གདམས་པ། རྒྱལ་པོ་རང་གི་ལག་གི་གདུ་བུ་རིན་པོ་ཆེ་འབར་བ་ལ་ཞེན་པ་དང་། ང་རྒྱལ་བློས་ཐོང་ན་རིན་པོ་ཆེའི་འོད་དང་ཞེན་པ་མེད་པའི་སེམས་གཉིས་གཅིག་ཏུ་གྱིས་ལ་སྒོམས་ཤིག་ཅེས་གདམས་ངག་བྱིན་ཏེ། གདུ་བུ་འོད་ཟེར་ལེགས་འཕྲོ་བ། །ལྟོས་ཤིག་རང་སེམས་ཉིད་ཀྱང་བདེ། །ཕྱི་ཡི་རྐྱེན་སོགས་དུ་མ་ཡིས། །ཁ་དོག་དུ་མ་འབྱུང་འགྱུར་ཡང་། །དེ་ཡི་རང་བཞིན་འགྱུར་བ་མེད། །དེ་བཞིན་སྣ་ཚོགས་སྣང་བ་ཡིས། །དྲན་རྟོག་དུ་མ་འབྱུང་འགྱུར་ཡང་། །སེམས་ཉིད་རིན་ཆེན་འབར་བ་བཞིན། །ཞེས་གསུངས་པ་ན། དེ་བཞིན་དུ་རྒྱལ་པོས་ཕྱག་གཡས་པའི་གདུ་བུ་ལ་སེམས་གཏད་ནས་བསྒོམས་པས་འདོད་ཡོན་གྱི་སྟེང་དུ་སེམས་ཉིད་ངོ་འཕྲོད་ནས་ཟླ་བ་དྲུག་ན་དངོས་གྲུབ་ཐོབ་སྟེ་ཡོད་པའི་ཚེ། རང་གི་འཁོར་རྣམས་ཀྱིས་སྒོ་གསེང་ནས་བལྟས་པས། ལྷའི་བུ་མོ་དཔག་ཏུ་མེད་པས་བསྐོར་བར་མཐོང་ནས་ངོ་མཚར་སྐྱེས་ཏེ། གདམས་པ་ཞུས་པས། དེའི་ཞལ་ནས། སེམས་ཉིད་རྟོགས་པ་རྒྱལ་པོ་ཡིན། །བདེ་བ་ཆེན་པོ་རྒྱལ་སྲིད་ཡིན། །ཟུང་དུ་འཇུག་པ་ལོངས་སྤྱོད་མཆོག །རྒྱལ་པོ་དགོས་ན་དེ་ལྟར་གྱིས། །ཞེས་གསུངས་ནས་རང་གི་འཁོར་དང་། ཝིཥནགརའི་སྐྱེ་བོའི་ཚོགས་ཐམས་ཅད་དང་བཅས་ཏེ། ལོ་ལྔ་བརྒྱ་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་ཤིང་། མཚན་ཡང་གདུ་བུ་པཱ་ཞེས་ཡོངས་སུ་གྲགས་སོ། །གུརུཀཾཀན་པཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact