Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༢༣༽གུརུཅཏྲཔཱ། Mahāsiddha Catrapa

༈གུརུཅཏྲཔཱའི་ལོ་རྒྱུས་ནི། ཅཏྲཔཱ་བྱ་བ་ནི་ཆོས་ཀྱི་གླེགས་བམ་ཁུར་ནས་སློང་བ་ཞེས་བྱ་བ་ཡིན་ལ། དེ་ཡུལ་ནི་སཻནྡྷོནགར་བྱ་བར་སྒྲའི་པོ་ཏི་ལག་པར་ཁུར་ནས། དུས་རྟག་ཏུ་གཞན་ལ་སློང་བ་ཞིག་ཡིན་པ་ལ། དུས་གཅིག་གི་ཚེ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་དང་འཕྲད་པ་ན། དེ་ན་རེ་ཁྱོད་ཅི་བྱེད་ཅིང་འདུག་ཟེར་བས། སློང་མཁན་དེ་ན་རེ། བདག་འཚོ་བའི་ཕྱིར་དུ་སློང་ཞིང་གདའ་བྱས་པས། རྣལ་འབྱོར་པ་དེ་ན་རེ། ཁྱོད་ལ་ཕྱི་མའི་ལམ་མི་དགོས་སམ། གསུངས་པས། དེས་ལམ་ཇི་ལྟར་ཡིད་ལ་བྱ་ཞུས་པས། རྣལ་འབྱོར་པས་དགྱེས་རྡོར་གྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་གདམས་པ་གསུངས་པ་ནི། སྡིག་པ་ཐམས་ཅད་མཐོལ་ཞིང་བཤགས། །ཉིན་མཚན་རྟག་ཏུ་བདེ་བ་སྒོམས། །སྔ་མ་ཅི་བྱས་རང་ལུས་ལྟོས། །ཕྱི་མར་ཅི་འགྱུར་སེམས་ལ་རག །དེ་ལྟར་ཡུན་རིང་བསྒོམས་བྱས་ན། །ཚེ་འདི་ཉིད་ལ་སངས་རྒྱས་ཐོབ། །རྟགས་ཀྱང་རིམ་པར་འབྱུང་བར་འགྱུར། །ཞེས་བསྟན་པས། ཅཏྲཔས་དོན་མ་རྟོགས་ནས་བླ་མ་ལ་ཞུས་པས། བླ་མའི་ཞལ་ནས། སྡིག་པ་ནི་མ་རིག་པ་ཡིན་ལ། དེ་ལས་འཁྲུལ་པ་སྣ་ཚོགས་འབྱུང་བ་ཡིན་ནོ། །སྣང་སྲིད་ཕྱག་རྒྱ་ཆེན་པོར་རྟོགས་པའི་ལྟ་བས་སྡིག་པ་དག་པར་བྱེད་པ་ཡིན་ནོ། །ཉིན་མཚན་བདེ་བ་བསྒོམ་པ་ནི་སྙིང་རྗེ་རྒྱུན་དུ་བསྒོམས་ན་ཆོས་ཉིད་ཀྱི་བདེ་བ་རང་ལ་འཆར་བ་ཡིན་ཏེ། ཚེ་སྔ་ཕྱིའི་ལས་རྣམས་མངོན་ཞེན་གྱིས་མ་བཟུང་ན་ཤུགས་འབྱུང་གི་སྤྱོད་པ་མཐར་ཕྱིན་པ་ཡིན། ཕྱི་མ་ཅིར་འགྱུར་ཞེས་པ་ནི་བདེ་སྡུག་ཐམས་ཅད་སེམས་ལས་འབྱུང་བས། ད་དུང་ཡང་མངོན་ཞེན་ཡོད་དམ་མེད་གསུངས་པའོ། །དེ་ལྟར་ཡུན་རིང་ཞེས་པ་ནི་བརྩོན་འགྲུས་བསྐྱེད་དེ་མ་ཡེངས་པར་སེམས་ལ་བལྟ་བའོ། །དེ་ལྟར་རྒྱུན་དུ་བསྒོམས་ན་སེམས་ཀྱི་འཁྲུལ་པ་ལྡོག་ནས་ཚེ་འདི་ཉིད་ལ་འབྲས་བུ་སངས་རྒྱས་ཐོབ་པ་ཡིན་ནོ། །ཞེས་བླ་མས་གདམས་ངག་བྱིན་ཏེ། ཅཏྲ་པཱས་ཡུལ་སཻནྡྷོནགར་དུ་དེ་ལྟར་བསྒོམས་པས་ལོ་དྲུག་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། མིང་དུ་ཡང་རྣལ་འབྱོར་པ་ཅཏྲཔཱ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ཤིང་། ལོ་བདུན་ནས་འཁོར་ལྔ་བརྒྱ་དང་བཅས་ཏེ། མཁའ་སྤྱོད་དུ་གཤེགས་སོ། །གུརུཅཏྲཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact