| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༡༧༽གུརུཀཎཧཔཱ། Mahāsiddha Kāṇhapa
༈གུརུཀཎཧཔཱའི་ལོ་རྒྱུས་ནི། ཨཱ་ཅཱརྻཀཎཧཔཱ་བྱ་བ་སློབ་དཔོན་ནག་པོ་སྤྱོད་པ་བ། ཡུལ་སོ་མ་པཱུ་རི། བླ་མ་ཛཱ་ལན་དྷ་ར་པཱ། རིགས་ཡི་གེ་པ། དེ་རྒྱལ་པོ་ལྷ་སྐྱོང་གིས་བཞེངས་པའི་གཙུག་ལག་ཁང་སོ་མ་པཱུ་རིའི་དགེ་སློང་ཞིག་ཡིན་པ་ལ། བླ་མ་ཛཱ་ལན་དྷ་ར་པཱས་དབང་བསྐུར། དགྱེས་པ་རྡོ་རྗེའི་གདམས་པ་གནང་ནས་ལོ་བཅུ་གཉིས་བསྒྲུབས་པས། དུས་རེ་ཞིག་ན་ས་གཡོ་བར་བྱེད་ཅིང་། དགྱེས་པ་རྡོ་རྗེའི་ལྷ་ཚོགས་ཞལ་གཟིགས་པས་དགའ་བ་སྐྱེས་པ་ན། ཊཱ་ཀི་མས་རིགས་ཀྱི་བུ། འདི་ནི་མཚན་མ་ཁྱད་པར་ཅན་མ་ཡིན་པས་མ་སྙེམས་ཤིག །བདེན་པ་དེ་ཁོ་ན་ཉིད་རྟོགས་པ་མེད་པས་སོ་ཞེས་ཟེར། ཡང་ཕ་ཝང་ཞིག་ཡོད་པ་དེ་ལ་ཞབས་བཞག་པས་ཞབས་རྡོ་ལ་ནུབ་པ་དང་། སློབ་དཔོན་ང་རྒྱལ་སྐྱེས་ཏེ། ད་ནི་དངོས་གྲུབ་ཐམས་ཅད་ཐོབ་སྙམ་པ་དང་། ཡང་ཊཱ་ཀི་མས་བཟློག་གོ །ཡང་ཕྱིར་བྱུང་བ་དང་ཞབས་ཁྲུ་གང་ཙམ་གྱིས་ས་ལ་མི་རེག་པ་དང་། ང་རྒྱལ་སྐྱེས་པས་སྔར་བཞིན་ནོ། །གཞན་ཡང་ནམ་མཁའ་ལ་གདུགས་བདུན་དང་། ཌཱ་མ་རུ་བདུན་ནམ་མཁའ་ལ་འགྲོ་བ་དང་། རང་སྒྲ་འབྱུང་བ་ཐོས་ནས་ད་ནི་བདག་གིས་དངོས་གྲུབ་ཐོབ་སྙམ་ནས། སློབ་མ་ཀུན་ལ་ངས་གྲུབ་པ་ཐོབ་ནས་འགྲོ་དོན་ལ་སྲིན་ཡུལ་ལངྐ་པུ་རིའི་ཡུལ་དུ་འདེངས་ཤིག་གསུངས་ནས། སློབ་མ་འཁོར་གསུམ་སྟོང་དང་ལྷན་ཅིག་ཏུ་ཆས་ཏེ་ཕྱིན་པ་དང་། འཁོར་རྣམས་ཆུ་ཁར་བོར། ཀཎ་ཧ་པཱ་རང་རྒྱ་མཚོ་ལ་བྱིང་བ་མེད་པར་ཕྱིན་པ་ན། ཐུགས་ལ་བདག་གི་བླ་མ་ལ་ནུས་པ་མི་མངའ་བ་ལ་བདག་ལ་འདི་ལྟ་བུའི་ནུས་པ་ཡོད་སྙམ་པའི་ང་རྒྱལ་བྱུང་བས་ནུས་པ་ཉམས་ཏེ་དེ་ཉིད་དུ་ཆུར་ནུབ་ནས། ཆུའི་རླབས་ཀྱིས་མཐར་བཏོན་ནས་ནམ་མཁའ་ལ་བལྟས་པས། བླ་མ་ཛཱ་ལན་དྷ་ར་པཱ་ནམ་མཁའ་ལ་བྱོན་པ་མཐོང་ནས་བླ་མའི་ཞལ་ནས་ཀན་ཧ་པཱ་གར་ཕྱིན། ཅི་ཉེས་གསུངས་པས། ཀནྷ་པ་ངོ་ཚ་བཞིན་དུ་བླ་མ་ལ་ཞུས་པ། བདག་སྲིན་ཡུལ་ལངྐ་པུ་རིར་འགྲོ་དོན་ལ་ཆས་པ་ན། བླ་མ་པས་བདག་ནུས་མཐུ་ཆེ་སྙམ་པའི་ང་རྒྱལ་སྐྱེས་པས་ནུས་པ་ཉམས་ཏེ་ཆུར་ནུབ་པར་གྱུར་ཏོ། །ཞེས་ཞུས་པས། བླ་མའི་ཞལ་ནས། ད་འདིས་མི་ཕན་པའི་ངའི་ཡུལ་སཱ་ལི་པུ་ཏྲ་བྱ་བ་ན་ཆོས་ཀྱི་རྒྱལ་པོ་དྷརྨ་པཱ་ལ་བྱ་བ་བཞུགས། དེ་ན་ངའི་སློབ་མ་ཐགས་མཁན་ཞིག་ཡོད་ཀྱི། དེར་སོང་ལ་དེས་ཅི་སྨྲས་པ་བཞིན་གྱིས་ཤིག །གསུངས་པས། ཀནྷ་པཱས། དེ་བཞིན་བྱ་སྙམ་པས་དེ་ཉིད་དུ་གདམས་ངག་གང་ཡིན་པ་ཡིད་ལ་བྱས་པས། རྐང་པ་ས་ལ་མི་རེག་པ་དང་། གདུགས་དང་ཌཱ་མ་རུ་ནམ་མཁའ་ལ་འདུག་པ་དང་། ཕ་ཝང་ལ་རྐང་པ་བྱིང་ལ་སོགས་པ་སྔར་གྱི་ནུས་པ་རྣམས་ཐོབ་ནས་འཁོར་གསུམ་སྟོང་དང་བཅས་པ་ཡུལ་སཱའི་པུ་ཏྲར་བྱོན་པ་དང་། སློབ་མ་རྣམས་ཕྱོགས་གཅིག་ཏུ་བོར་ཏེ། སློབ་དཔོན་ཐགས་མཁན་འཚོལ་དུ་ཕྱིན་ཏོ། །ལམ་དུ་ཐགས་མཁན་མང་པོ་དང་འཕྲད་པ་ལ་སློབ་དཔོན་གྱིས་གཟིགས་པས། སྣལ་མ་ཆད་པ་ལ་རང་གིས་མཐུད་དགོས་པ་འདི་ཀུན་མ་ཡིན་ངེས་སྙམ་སྟེ། གྲོང་གི་མཐའ་ན་ཐགས་མཁན་ཞིག་འདུག་པའི་སར་ཕྱིན་ནས་བལྟས་པས། སྣལ་མ་ཆད་པ་ཐམས་ཅད་མཐུད་མ་དགོས་པར་རང་འབྱར་ལ་འགྲོ་བ་མཐོང་བས། འདི་ཡིན་པ་ངེས་སྙམ་ནས་ཞབས་ལ་ཕྱག་བཙལ། བསྐོར་བ་བྱས་པ་དང་། ཐགས་མཁན་གྱིས་སྨྲས་པ་ངས་ཅི་ཟེར་བ་བཞིན་ཉན་ནམ། ཟེར་བ་ལ་ཉན་བྱས་ཏེ། གཉིས་ཀ་དུར་ཁྲོད་དུ་ཕྱིན་ནས་མིའི་རོ་ཞིག་དང་འཕྲད་པ་ན། ཐགས་མཁན་དེ་ན་རེ། ཁྱོད་ཀྱིས་ཤ་ཟ་ནུས་སམ། ནུས་ན་ཟོ་ཞིག་ཟེར་བ་ལ། ཀཎ་ཧ་པཱས་གྲི་བཏོན་ནས་གཅོད་པར་བརྩམས་པ་ལ། ཐགས་མཁན་ན་རེ། ད་དུང་སྡོད་ཅིག་ཟེར་ནས། དེས་སྤྱང་ཀིར་སྤྲུལ་ནས་ཤ་ཟོས་སོ། །དེ་ནས་ཐགས་མཁན་ན་རེ། འདི་འདྲ་བར་སྤྲུལ་ནུས་པའི་དུས་སུ་གཟོད་ཤ་ཟ་བ་ཡིན་ཟེར་རོ། །དེ་ནས་ཐགས་མཁན་གྱིས་དྲི་ཆེན་རིལ་བུ་གསུམ་བཏང་ནས་ཀཎ་ཧ་པ་ལ་གཅིག་བྱིན་ནས་ཟོ་ཞིག་ཟེར་བ་ལ། ང་ལ་མིས་འཕྱ་བར་འོང་ཟེར་ནས་ཟར་མ་འདོད་པ་དང་། གཅིག་ཐགས་མཁན་རང་གིས་ཟོས། གཅིག་ནམ་མཁའི་ལྷ་རྣམས་ཀྱིས་ཁྱེར། གཅིག་ས་འོག་གི་ཀླུ་རྣམས་ཀྱིས་ཁྱེར་རོ། །དེ་ནས་གཉིས་ཀ་ཡུལ་དུ་ལོག་བྱོན་ནས། ཐགས་མཁན་གྱིས་པ་ཎ་ལྔས་ཆང་དང་བཟའ་བ་ཉོས་ནས་འདི་སྐད་དུ། ད་ཁྱོད་ཀྱི་འཁོར་ཀུན་སྦྲོན་ལ་ཤོག་ཅིག་རང་ཅག་ཚོགས་ཀྱི་འཁོར་ལོ་ཞིག་བྱ་དགོས་གསུངས་པ་ལ། ཀཎ་ཧ་པཱ་འདི་སྙམ་དུ་འདིས་མི་གཅིག་རང་ཡང་འགྲངས་པར་མི་འགྱུར་ན། ངེད་དཔོན་སློབ་དཔོན་སུམ་སྟོང་འདིས་ཇི་ལྟར་བྱ་སྙམ་པ་ནས་དཔོན་སློབ་ཀུན་བྱོན་པ་དང་། རྣལ་འབྱོར་པའི་བྱིན་རླབས་ཀྱིས་ལ་དུ་དང་འབྲས་ཆན་ལ་སོགས་པའི་འདོད་ཡོན་གྱིས་སྣོད་ཐམས་ཅད་གང་བར་གྱུར་ནས། ཞག་བདུན་ཀྱི་བར་དུ་ཚོགས་ཀྱི་ཡོད་བྱད་ལ་ལོངས་སྤྱད་ཀྱང་ཟད་པར་མ་གྱུར་པ་དང་། ཀཎ་ཧ་པཱས་ཉིད་ཅག་གི་བཟའ་བཏུང་རྒྱ་མཚོ་དང་འདྲ་བ་དངོས་ཅག་གི་འཚལ་རྔོ་མི་ཐོགས་ཟེར་ནས། ལྷག་རོལ་དོར་ཏེ་ཀཎ་ཧ་པཱ་འཁོར་དང་བཅས་པ་ཆས་པ་ན། ཐགས་མཁན་གྱིས་སྨྲས་པ། ཀྱེ་མ་བྱིས་པའི་སྐྱེ་བོ་རྣམས། །རང་གིས་རང་ཉིད་ཕུང་བར་འགྱུར། །ཐབས་དང་ཤེས་རབ་བྲལ་བ་ཡི། །རྣལ་འབྱོར་པ་དག་དེ་བཞིན་ནོ། །ད་གཞན་དུ་ཕྱིན་ཡང་མི་ཕན། གདུགས་དང་ཌཱ་མ་རུ་སོགས་དངོས་གྲུབ་ཕྲ་མོ་ཡིན། ད་དུང་ཆོས་ཉིད་མ་རྟོགས་པས་སྒྲུབ་པ་གྱིས་བྱས་པས། ཀ་ཎ་ཧ་པཱ་དེ་མ་འདོད་ནས་བྷ་དྷོ་ཀོར་ཞེས་བྱ་བའི་ཡུལ་དུ་ཕྱིན་པ་དང་། ཤར་ཕྱོགས་སོ་མ་པཱུ་རིའི་གཙུག་ལག་ཁང་ནས་དཔག་ཚད་བརྒྱ་ཙམ་གྱི་ཕ་རོལ་ན་ཡོད་པའི་གྲོང་ཁྱེར་ཞིག་གི་འགྲམ་དུ་བྱོན་པ་ན། དེ་ན་ལཱི་ཅཱི་བྱ་བའི་ཤིང་ཐོག་ཡོད་པའི་ཤིང་དྲུང་ན་བུ་མོ་ཞིག་འདུག་པ་ལ། ཀཎ་ཧ་པཱས་ང་ལ་ཤིང་ཐོག་བྱིན་ཅིག་གསུངས་པས། བུ་མོ་དེས་སྟེར་དུ་མ་འདོད་པ་དང་། སློབ་དཔོན་གྱིས་ལྟ་སྟངས་ཀྱིས་ཤིང་ཏོག་ས་ལ་ཕབ། བུ་མོས་སླར་ལྟ་སྟངས་ཀྱིས་ཤིང་ཏོག་དེ་དག་ཤིང་ལ་སྦྱར་བ་དང་། ཀཎ་ཧ་པཱ་ཁྲོས་ནས་བུ་མོ་ལ་སྔགས་བཟླས་པས་བུ་མོའི་ཡན་ལག་ཐམས་ཅད་ནས་ཁྲག་འཛག་སྟེ་ས་ལ་འགྱེལ་པ་དང་མི་ཀུན་འཕྱ་བར་གྱུར་ཏེ། སངས་རྒྱས་པ་བྱ་བ་ཐུགས་རྗེ་ཆེ་བ་ཡིན་པ་ལ། རྣལ་འབྱོར་པས་མི་བསད་ཟེར་བ་དང་། ཀཎ་ཧ་པཱ་སེམས་ཞི་ནས་བུ་མོ་ལ་སྙིང་རྗེའི་སེམས་སྔོན་དུ་བཏང་སྟེ་སྔགས་བརཏལ། རང་གི་སྲུང་བ་ཡང་བཏང་བ་དང་། བུ་མོས་ཀཎ་ཧ་པཱ་ལ་སྔགས་བཏབ་པས། ཀཎ་ཧ་པཱ་ཡང་སྟེང་འོག་ཏུ་ཁྲག་སྐྱུགས་ནས་ན་བར་གྱུར་པ་དང་། ཀཎ་ཧ་པཱ་ལ་བྷན་དྷེ་བྱ་བའི་མཁའ་འགྲོ་མ་ཞིག་ཡོད་པ་ལ་སྨྲས་པ། བདག་གི་སྐྱུགས་པ་འདི་ལ་ཕན་པའི་སྨན་ལྷོ་ཕྱོགས་དཔལ་གྱི་རི་ལ་ཡོད་པས་དེ་ལོང་ལ་ང་ལ་བྱིན་ཅིག་སྨྲས་པ་དང་། བྷན་དྷེས་ལྷོ་ཕྱོགས་དཔལ་གྱི་རི་ལ་ཟླ་བ་དྲུག་གི་ལམ་ཡོད་པ་ཞག་དྲུག་ལ་བཅད་ནས་སྨན་བླངས་ཏེ། ཞག་བདུན་གྱིས་ངོ་ལ་ཡུལ་དུ་སླེབས་པའི་ལམ་ཁར་སྔར་གྱི་བུ་མོ་དེས་རྒན་མོ་ཞིག་ཏུ་སྤྲུལ་ནས་ངུ་ཡིན་བསྡད་པ་དང་། དེས་བྷན་དྷེས་ཁྱོད་ཅི་ལ་ངུ་བ་ཡིན་བྱས་པས། དེ་ན་རེ། ཅི་ལ་མི་ངུ་། རྣལ་འབྱོར་པ་ཀན་ཧ་པཱ་ཤི་ནས་མེད་པས་ངུ་བ་ཡིན་ཟེར་བ་དང་། མཁའ་འགྲོ་བྷན་དྷེས། འོ་ན་སྨན་གྱིས་དགོས་པ་མེད་སྙམ་ནས་སྨན་ས་ལ་སྐྱུར་བ་དེ་རྒན་མོས་ཁྱེར་རོ། མཁའ་འགྲོ་མ་ཁྱིམ་དུ་སླེབས་པ་ན་ཀཎ་ཧ་པཱ་མ་ཤི་བར་འདུག་པས། ཀཎ་ཧ་པས་སྨན་ག་རེ་ཟེར་བ་ན་སྔར་གྱི་གཏམ་བརྗོད་དེ་མེད་བྱས་སོ། །དེ་ནས་ཞག་བདུན་དུ་སློབ་མའི་ཚོགས་ལ་ཆོས་བཤད། འཕགས་མོ་དབུ་བཅད་མའི་གདམས་ངག་བྱིན་ནས། སློབ་དཔོན་གྱི་རྣམ་སྨིན་གྱི་ལུས་དེ་ཉིད་དུ་བོར་ནས་མཁའ་སྤྱོད་དུ་གཤེགས་སོ། །དེ་ནས་མཁའ་འགྲོ་མ་བྷན་དྷེ་ཁྲོས་ནས། ད་ཅིའི་བུ་མོ་དེ་བཙལ་ན། སྟེང་ལྷ་ཡུལ་དང་། འོག་ཀླུའི་ཡུལ་དང་། བར་མིའི་ཡུལ་གང་ནས་ཀྱང་མ་རྙེད་པ་ལས། ཤམ་བྷི་ལ་བྱ་བའི་ཤིང་ཞིག་གི་ནང་ན་འདུག་པ་ལ་མཁའ་འགྲོ་མས་དེ་བཟུང་ནས་སྔགས་བཏབ་སྟེ། ཡང་བསད་པར་གྱུར་ཏོ། །དེས་ན་ང་རྒྱལ་དང་། ཕྲག་དོག་ནི་བར་ཆད་ཡིན་པར་ཤེས་པར་བྱའོ། །གུརུཀཎཧཔཱའི་ལོ་རྒྱུས་རྫོགས་སོ།། །།
