Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༡༣༽གུརུཏནྟིཔཱ། Mahāsiddha Tantipa

༈གུརུཏནྟིཔཱའི་ལོ་རྒྱུས་ནི། སཻན་དྷོ་ན་གར་བྱ་བ་ན། ཐགས་མཁན་ཞིག་ལ་བུ་མང་དུ་ཡོད་པ་ལས། དེ་རྣམས་ཀྱི་ཕས་ཡུལ་དེར་ཐགས་ཀྱི་ལས་བྱས་པས་དེ་འབྱོར་པ་དཔག་ཏུ་མེད་པ་དང་ལྡན་པར་གྱུར་ཏོ། །དེར་བུ་རྣམས་ལ་རིགས་དང་འཚམས་པའི་མནའ་མ་བླངས་ཏེ་འགྲོགས་པས། ཡུལ་དེར་ཐག་མཁན་གྱི་རིགས་རྒྱུད་དཔག་ཏུ་མེད་པ་འཕེལ་བར་གྱུར་ཏོ། །དུས་ཀྱི་རིམ་པས་ཐགས་མཁན་དེའི་བྱན་མོ་ནི་ཤི། ཐགས་མཁན་རང་གི་ལོ་བརྒྱད་ཅུ་རྩ་དགུ་ལོན་པ་ན་རྒས་ཤིང་འཁོགས་པས་ལུས་ཀྱིས་སྦྱོར་མི་བཟོད་པ་དང་། མནའ་མ་ཀུན་གྱི་གན་དུ་གསོ་རེས་བྱེད་ཅིང་ཡོད་པ་ལས། དེ་རྒས་པའི་སྤྱོད་ལམ་ལ་ཀུན་གྱིས་འཕྱའ་ཞིང་བཞད་གད་དུ་བྱེད་པ་དང་། དེར་མནའ་མ་ཀུན་གྱིས་གྲོས་བྱས་པ། འོ་སྐོལ་གྱི་གྱོས་པོ་རྒན་པོ་འདི་མིས་མཐོང་ན་ཞེ་ལྡོག་ལ། རང་རེ་ཀུན་ཀྱང་སྡིག་གསོག་པར་འདུག་པས། སྐྱེད་མོས་ཚལ་དུ་རྩའི་སྤྱིལ་པོ་བྱས་ཏེ་དེར་བཞག་ལ། ཟ་མ་རེས་མོས་ཀྱི་བསྐྱལ་ལོ་ཟེར་ནས་ཐམས་ཅད་མཐུན་ཏེ་དེ་བཞིན་དུ་བྱས་སོ། །དེ་ནས་ལན་གཅིག་གི་ཚེ་བླ་མ་ཛཱ་ལན་དྷ་ར་པཱ་བྱ་བ་མཐར་གྱིས་ཡུལ་དེར་བྱོན་པ་དང་། ཐགས་མཁན་གྱི་བུ་ཆེ་ཤོས་ཀྱི་གན་དུ་བྱོན་ནས་བདག་ལ་ཟས་བྱིན་ཅིག་བྱས་པ་ལ། དེར་བཞུགས་ཤིག་ཟེར་ནས། ནང་དུ་གཡོས་སྣ་ཚོགས་བྱས་ཟིན་ནས། ཆུང་མ་ན་རེ་ཁྱོ་ལ་ད་ནང་དུ་སྤྱན་དྲོངས་ཤིག་ཟེར་ནས། དེ་བཞིན་བྱས་ཏེ། བླ་མ་ནང་དུ་བྱོན་ནས་ཟས་ཀྱི་བྱ་བ་གྲུབ་སྟེ། བླ་མ་ཛཱ་ལན་དྷ་ར་པཱ་གཞན་དུ་གཤེགས་པར་ཆས་པ་ལ། ཐགས་མཁན་ཀྱི་ཆུང་མས་བླ་མ་གཞན་དུ་མ་གཤེགས་པར་གནས་འདིར་གཟིམས་པར་ཞུ་ཞུས་པས། བླ་མས་བདག་མིའི་ནང་དུ་མི་ཉལ་གསུངས་པས། འོ་ན་དངོས་ཅག་གི་སྐྱེད་མོས་ཚལ་དུ་གཟིམས་པར་ཞུ་བྱས་ནས། སྐྱེད་མོས་ཚལ་དུ་སྤྱན་དྲངས་ཏེ། ཐགས་མཁན་གྱིས་མེ་མར་ལ་སོགས་པ་བསྐྱལ་ནས་དེར་བཞུགས་པ་ན། ཐགས་མཁན་རྒད་པོས་མིའི་སྒྲ་ནི་ཐོས། སུ་ཡིན་ནི་ཆ་མེད་ནས་དྲིས་པ། དེ་ན་སྒྲ་གྲགས་པ་དེ་སུ་ཡིན། སློབ་དཔོན་གྱིས་བདག་མགྲོན་པོ་ཆོས་པ་ཞིག་ཡིན། ཉིད་རང་སུ་ཡིན། སྨྲས་པ་དང་། དེ་ན་རེ། བདག་ཐགས་མཁན་རྣམས་ཀྱི་ཕ་ལགས་ཏེ། བདག་གཞོན་པའི་དུས་སུ་གནས་དང་ལོངས་སྤྱོད་ཀུན་གྱི་བདག་པོ་དངོས་ཡིན་ཀྱང་། ད་ལྟ་བུ་དང་མནའ་མ་ཀུན་གྱི་བདག་ལ་འཕྱ་སྨོད་ཅིང་། གཞན་གྱིས་མཐོང་གིས་དོགས་ནས་སྐྱེད་མོས་ཚལ་འདིར་སྦས་ནས་བཞག་པ་ཡིན་ལགས། འཁོར་བའི་ཆོས་ལ་སྙིང་པོ་མེད་པ་འདི་འདྲ་བ་ལགས་སོ། །ཞེས་སྨྲས་པ་ལ། ཛཱ་ལན་དྷ་རས་ཐགས་མཁན་ལ་གསུངས་པ། འདུས་བྱས་ཐམས་ཅད་ནི་མི་རྟག་པ། སྲིད་པར་སོང་བ་ཐམས་ཅད་ནི་སྡུག་བསྔལ། ཆོས་ཐམས་ཅད་ནི་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་ཞིང་བདེ་བ་ཡིན་པས། ཤི་རྒྱགས་ཀྱི་ཆོས་མི་དགོས་སམ། གསུངས་པས། ཐགས་མཁན་རྒན་པོ་དགོས་ཞུས་ནས། ཛཱལནདྷར་པས་ཐགས་མཁན་དེ་ལ་དགྱེས་རྡོར་གྱི་དཀྱིལ་འཁོར་དུ་བཅུག་ནས་དབང་སྐུར། གདམས་ངག་བྱིན་ནས་བསྒོམ་དུ་བཅུག་སྟེ། བླ་མ་གཞན་དུ་གཤེགས་སོ། །ཐགས་མཁན་དེས་ཀྱང་བླ་མའི་གདམས་ངག་ཡིད་ལ་བྱས་ཏེ། སྔར་བཞིན་མནའ་མ་ལ་སོགས་པ་ཀུན་ལ་ཁ་མི་ཟེར་བར་ངག་བསྡམས་པར་བྱས་ནས་ལོ་བཅུ་གཉིས་སུ་སྒྲུབ་པ་བྱས་པས་ཡོན་ཏན་གྱི་རིགས་མང་པོ་ཐོབ་པ་མིས་མ་ཚོར་བ་ལ། དུས་གཅིག་ན་བུ་ཆེ་བ་དེས་ཟ་འོག་བཟང་པོ་ཞིག་བཏགས་ནས་དཀྲིས་བྱེད་པའི་བྱ་བ་ལ་གཡེངས་ཏེ་ཕ་ལ་ཟན་སྐྱེལ་བ་བརྗེད་པ་དང་། མཚན་མོ་མནའ་མས་དྲན་ནས་ཁྱོ་ལ་སོགས་པས་མ་ཚོར་བར་ཟས་སྐྱེལ་དུ་ཕྱིན་པ་ན། སྤྱིལ་པོའི་ནང་ན་མེ་མར་གྱི་སྣང་བ་ཆེན་པོ་དང་། བུ་མོ་བཅོ་ལྔ་ཙམ་གྱིས་བསྐོར། ཁ་ཟས་ཀྱི་རྣམ་པ་གྱ་ནོམ་པ་མང་པོ་དང་། མི་ཡུལ་དུ་མི་འབྱུང་བའི་གོས་དང་། རྒྱན་མང་པོ་ཐོགས་པར་མཐོང་ནས་རིངས་པར་ལོག་སྟེ། ཁྱོ་ལ་ཉིད་ཀྱི་ཕ་རྒན་བལྟར་འདོངས་བྱས་པས། ཁྱོས་ཕ་ཤི་བ་ཡིན་སྙམ་ནས་ངུས་པ་ན། མི་གཞན་ཡང་འོངས་ནས་སྐྱེད་མོས་ཚལ་དུ་བལྟར་ཕྱིར་པས། སྔ་མ་བཞིན་དུ་ཐམས་ཅད་ཀྱིས་མཐོང་ནས་ཡ་མཚན་སྐྱེས་ཏེ། ནང་དུ་ལོག་ནས་སྔར་གྱི་གཏམ་བརྗོད་པས་བུ་ལ་སོགས་པས་གཉེན་ཀུན་འདི་འདྲ་བ་མི་མ་ཡིན། འདྲེ་གཅིག་འདུག་ཟེར་ནས་བསྡད་དོ། །ནངས་པར་མི་ཀུན་གྱིས་ཐོས་ནས་སེན་དྷོ་ན་ག་རའི་མི་ཐམས་ཅད་ཀྱིས་བལྟར་ཕྱིན་ནས། ཕྱག་བྱས་པ་དང་། དེ་ཕྱིར་བྱུང་བ་ན་ལུས་བརྗེས་ཏེ། ལོ་བཅུ་དྲུག་ལོན་པའི་ན་ཚོད་དུ་གྱུར་ནས་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་བས། མི་ཀུན་གྱི་མིག་གིས་བལྟར་མི་བཟོད་པ་དང་། ལུས་མེ་ལོང་གཡའ་དག་པ་ལྟར་སོང་བ་སྣང་བ་ཐམས་ཅད་འོད་དུ་ཤར་ཏེ། མིང་ཡང་ཏནྟི་པཱ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་སོ། །འགྲོ་དོན་དཔག་ཏུ་མེད་པ་མཛད་དེ། མཐར་སཻན་དྷོ་ན་ག་རའི་སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་དང་བཅས་ཏེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །དེས་ན་རང་གི་དད་གུས་དང་བླ་མའི་གདམས་ངག་ཉམས་སུ་བླངས་ན། ན་ཚོད་རྒ་ན་ཡང་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ཏུ་རུང་བ་ཡིན་གསུངས། གུརུཏནྟིཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact