| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༡༡༽ཝཱིནཱཔཱ། Mahāsiddha Vīṇāpa
༈གུརུཝཱིནཱཔཱའི་ལོ་རྒྱུས་ནི། ཝཱིནཱཔཱ་ཞེས་བྱ་བ་བསྒྱུར་ན་པི་ཝང་ཞབས་བྱ་བའོ། །འདིའི་ཡུལ་གྷ་ཧུར། རིགས་རྒྱལ་རིགས། བླ་མ་ནི་བུ་དྷྭ་པཱ། དངོས་གྲུབ་ནི་དགྱེས་པ་རྡོ་རྗེ་ལས་ཐོབ་པ་ཡིན་ནོ། །དེ་ཡང་ཡུལ་གྷ་ཧུ་རའི་གཽཊའི་རྒྱལ་པོ་ལ་སྲས་གཅིག་ཡོད་པ། ཕ་མ་དང་། འབངས་རྣམས་ཤིན་ཏུ་གཅེས་པར་གྱུར་ནས། མ་མ་བརྒྱད་ལ་སོགས་པ་ལ་གཏད་དེ་སྐྱེད་བསྲིངས་པ་དང་། རྒྱལ་བུ་དེ་སྐུ་སྐྱོས་འབུལ་བའི་རོལ་མོ་མཁན་དུ་མ་དང་རྟག་ཏུ་ལྷན་ཅིག་ཏུ་བསྡད་པས། ཤེས་པ་གོམས་པའི་སྟོབས་ཀྱིས། ཏཾ་བུ་རའི་སྒྲ་ལ་བློ་རྩེ་གཅིག་ཏུ་ཞུགས་ཤིང་པི་ཝང་སྒྲེང་བ་ལས། འཇིག་རྟེན་བྱ་བ་གཞན་ལ་བློ་སྣང་ཡེ་མི་འཇུག་པས། དེའི་ཡབ་ཡུམ་དང་བློན་པོའི་ཚོགས་དང་འབངས་ཐམས་ཅད་ཀྱང་དེ་ལ་ཁ་ཟེར་བར་བྱེད། རྒྱལ་བུ་འདི་ནི་ཡབ་རྒྱལ་པོའི་རྒྱལ་ཚབ་ཀྱི་ཆེད་དུ་སྐྱེད་བསྲིངས་པ་ཡིན་ལ། རྒྱལ་སྲིད་ཀྱི་བྱ་བ་མི་བྱེད་པར་པི་ཝང་གི་སྒྲ་ལ་ཆགས་པས་ཅི་བྱེད་ཅེས་གླེང་བ་ན། རྒྱལ་བུ་དེའི་གན་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་བུདྡྷ་པཱ་བྱོན་པས་རྒྱལ་བུ་དད་པར་གྱུར་ཏེ། རྣལ་འབྱོར་པ་དེ་ལ་ཕྱག་དང་བསྐོར་བ་བྱས་ནས་སྲོང་པོར་སྨྲ་བའི་གཏམ་སྣ་ཚོགས་བྱས་སོ། །རྣལ་འབྱོར་པ་དེས་རྒྱལ་བུ་དེའི་ཐད་དུ་ཅུང་ཞིག་གཞུགས་ནས། རྒྱལ་བུ་དེ་འདུལ་བའི་དུས་ལ་བབ་པར་གཟིགས་ནས། རྣལ་འབྱོར་པས་རྒྱལ་བུ་ལ་རྒྱལ་བུ་ཁྱོད་ཆོས་མི་བྱེད་དམ། བྱས་པ་ལ། རྒྱལ་བུ་དེ་ན་རེ། རྣལ་འབྱོར་པ་བདག་ཆོས་བྱེད་པ་ལགས་ཏེ། བདག་གིས་རོལ་མོ་ཏཾ་བུརཱ་འདི་སྤོང་བར་མི་ནུས་པར་འདུག་པས། འདི་མ་སྤངས་པར་ཆོས་སྒྲུབ་པའི་ཐབས་མཆིས་ན་བདག་ཆོས་བྱེད་ལགས་སོ། །ཞེས་ཞུས་པས། རྣལ་འབྱོར་པ་ན་རེ། ཆོས་བྱེད་པའི་དད་པ་དང་བརྩོན་འགྲུས་ཡོད་ན་པི་ཝང་མ་སྤངས་པར་ཆོས་སྒྲུབ་པའི་ཐབས་དང་གདམས་ངག་བདག་ལ་ཡོད། བྱས་པས། དེས་དེ་ཞུ་ཟེར་ནས། རྣལ་འབྱོར་པས་དེ་ལ་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་དབང་བསྐུར། བསྒོམ་པའི་གདམས་ངག་ནི། རྒྱལ་བུ་ལ་འདི་སྐད་དུ། ཏཾ་བུ་རའི་སྒྲ་རྣ་བར་ཐོས་པའི་རྣམ་རྟོག་དོར་ལ། སེམས་ཀྱི་དམིགས་པ་དང་སྒྲའི་རྣམ་རྟོག་གཉིས་གཅིག་ཏུ་གྱིས་ལ་སྒོམས་ཤིག་བྱས་ནས། དེས་ན་དེ་ལྟར་བསྒོམས་པས་ལོ་དགུ་ནས་སེམས་ཀྱི་དྲི་མ་དག་སྟེ། མར་མེ་ལྟ་བུའི་འོད་གསལ་གྱི་ཉམས་སྐྱེས་ནས་ཕྱག་རྒྱ་ཆེན་པོ་ཐོབ། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱི་ཆོས་དུ་མ་རྒྱུད་ལ་སྐྱེས་ནས། མིང་དུ་ཡང་རྣལ་འབྱོར་པ་ཝཱིནཱ་ཎཱ་པཱ་ཞེས་བྱ་བར་ཕྱོགས་ཐམས་ཅད་དུ་གྲགས་ཤིང་། གྷ་ཧུར་གཽ་ཊའི་གྲོང་ཁྱེར་གྱི་སྐྱེ་བོའི་ཚོགས་ཐམས་ཅད་ལ་ཆོས་དཔག་ཏུ་མེད་པ་བསྟན། མཐར་རྟོགས་པ་བརྗོད་པ་ལ་སོགས་པ་གསུངས་ནས། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཝཱིཎཱཔཱའི་ལོ་རྒྱུས་རྫོགས་སོ།། །།
