Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༦༽གུརུསརཧཔཱ། Mahāsiddha Saraha

༈གུརུསརཧཔཱ་ཡི་ལོ་རྒྱུས་ནི། རིགས་བྲམ་ཟེ། ཡུལ་རྒྱ་གར་ཤར་ཕྱོགས་ཀྱི་གྲོང་ཁྱེར་རཱ་ཛཱི་ཞེས་བྱ་བའི་བྱེ་བྲག །ས་རོ་ལི་ཞེས་བྱ་བ་ཡིན་ལ། མཁའ་འགྲོ་མའི་སྲས་ཡིན་པས། མཁའ་འགྲོ་ཉིད་ཡིན་ནོ། །འདི་བྲམ་ཟེ་ཡིན་ཡང་སངས་རྒྱས་པའི་ཆོས་ལ་དད་ནས་སློབ་དཔོན་དཔག་ཏུ་མེད་པ་ལ་ཆོས་མཉན་པས་གསང་སྔགས་ཀྱི་ཆོས་ལ་ཡིད་ཆེས་ནས། བྲམ་ཟེ་དང་སངས་རྒྱས་པ་གཉིས་ཀའི་སྡོམ་པ་བསྲུང་བ་ལ། ཉིན་བྲམ་ཟེའི་ཆོས་ལུགས་བྱེད། མཚན་སངས་རྒྱས་པའི་ཆོས་ལུགས་སུ་བྱེད་ཅིང་། ཆང་ཡང་གསོལ་བས་ན་བྲམ་ཟེ་ཀུན་གྱིས་ཚོར་ནས། དེ་བསྐྲད་པའི་ཕྱིར་བྲམ་ཟེ་ཐམས་ཅད་འདུ་ནས། རྒྱལ་པོ་རཏྣ་པཱ་ལ་ལ་ཞུས་པ། ཁྱེད་རྒྱལ་པོ་ཡིན་ན་ཡུལ་དུ་ཆོས་ལུགས་འཆོལ་བ་བྱེད་དུ་འཇུག་པ་རིགས་སམ། ས་ར་ཧ་འདི་ཡུལ་ས་རོ་ལིའི་གྲོང་ཁྱེར་ཁྲི་ཚོ་ཕྱེད་གཉིས་ཀྱི་གཙོ་བོ་ཡིན་པ་ལ། ཆང་འཐུངས་ནས་རིགས་ཉམས་པར་བྱས་པ་ཡིན་པས་སྐྲོད་ཅིག་བྱས་པས། རྒྱལ་པོས་སྨྲས་པ། ཁྲི་ཚོ་ཕྱེད་དང་གཉིས་ལ་དབང་བྱེད་པ་འདི་སྐྲོད་དུ་མི་འདོད་ཟེར་ནས། རྒྱལ་པོས་ས་ར་ཧའི་གན་དུ་བྱོན་ནས་སྨྲས་པ། ཁྱེད་བྲམ་ཟེ་ཡིན་པ་ལ་ཆང་འཐུང་པ་འདི་མ་ལེགས་སོ་བྱས་པས། ས་ར་ཧ་ན་རེ། ངས་ཆང་འཐུངས་བ་མེད། འོན་ཀྱང་མནའ་འདོར་བ་ཡིན་པས། བྲམ་ཟེ་ཀུན་དང་། མི་ཐམས་ཅད་བསྡུས་ཤིག་ཟེར་དེ་ནས་ཐམས་ཅད་བསྡུས་པ་དང་། ས་ར་ཧ་པཱས་ངས་ཆང་འཐུངས་ལ་ལག་པ་ཚིག་ལ། མ་འཐུངས་ན་མ་ཚིག་ཅེས་ཟེར་ནས་མར་ཁུ་ཁོལ་མའི་ནང་དུ་ལག་པ་བཅུག་པས་མ་ཚིག་པ་དང་། རྒྱལ་པོས་ཆང་འཐུངས་པ་དེ་བདེན་ནམ་བྱས་པས། བྲམ་ཟེ་ཀུན་ན་རེ། བདེན་ཏེ་འཐུངས་ཟེར། ཡང་སྔར་བཞིན་སྨྲས་ནས་ཟངས་ཞུན་འཐུངས་པས་མ་ཚིག་པ་དང་། ཡང་འཐུངས་ཟེར། འོ་ན་ཆུའི་ནང་དུ་ཞུགས་དང་། གང་ནུབ་ནས་འདུག་པ་དེས་འཐུངས་པ་ཡིན་ལ། མ་ནུབ་པ་དེས་འཐུངས་པ་མ་ཡིན་ནོ་ཞེས་སྨྲས་ནས། བྲམ་ཟེ་གཞན་ཞིག་དང་གཉིས་ཆུའི་ནང་དུ་ཞུགས་པ་ན་ས་ར་ཧ་མ་ནུབ། གཅིག་ཤོས་ནུབ་པ་དང་། ས་ར་ཧ་པཱས་ངས་མ་འཐུངས་ཟེར་རོ། །ཡང་སྲང་ལ་བསྒོར། གང་ལྕི་བས་མ་འཐུངས་པ་ཡིན་ལ། ཡང་བ་དེས་འཐུང་བ་ཡིན་ནོ། །ཞེས་སྨྲས་ནས། དེ་བཞིན་བྱས་པས་ས་ར་ཧ་པཱ་ལྕི་ནས་ངས་མ་འཐུང་ཟེར་རོ། །དེ་བཞིན་དུ་མི་དང་ལྗིད་མཉམ་པའི་ལྕགས་ཀྱི་རྡོག་གསུམ་དང་བཀར་ས་ཀྱང་ས་ར་ཧ་ལྕི་བ་དང་། དྲུག་ལས་ཀྱང་ས་ར་ཧ་ལྕི་ན། རྒྱལ་པོས་སྨྲས་པ། ཁོ་འདྲ་བའི་ནུས་པ་ཡོད་ན་ཆང་འཐུང་ན་ཡང་འཐུང་ཤིག་ཅེས་སྨྲས་པས། བྲམ་ཟེ་ཐམས་ཅད་དང་། རྒྱལ་པོས་ཀྱང་ཕྱག་བྱས་གདམས་ངག་ཞུས་པས། རྒྱལ་པོ་དང་བཙུན་མོ་དང་། འབངས་ཐམས་ཅད་ལ་མགུར་གསུངས་པས་དོ་ཧ་སྐོར་གསུམ་དུ་གྲགས་སོ། །བྲམ་ཟེ་རྣམས་ཀྱིས་རང་གི་ཆོས་ལུགས་སྤངས་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཤིང་། རྒྱལ་པོ་འཁོར་དང་བཅས་པས་ཀྱང་གྲུབ་པ་ཐོབ་བོ། །དེ་ནས་ས་ཧས་བྱན་མོ་ལོ་བཅོ་ལྔ་ལོན་པ་ཞིག་ཡོད་པ་ཁྲིད་ནས་ཡུལ་གཞན་དུ་ཕྱིན་པ་དང་། དགོན་པ་ཞིག་ཏུ་འདུག་ནས་ཁྱོས་སྒྲུབ་པ་བྱེད། ཆུང་མས་བྱན་བླངས་ཀྱིན་བསྐྱལ་ལོ། །ཐེངས་གཅིག་ལ་ཕུག་གི་ཚོད་མ་ཟ་ཟེར་ནས་ཆུང་མས་མ་ཧེའི་ཞོ་དང་ལ་ཕུག་སྦྱར་ནས་འདྲེན་དུ་ཕྱིན་པ་དང་། སློབ་དཔོན་ཏིང་ངེ་འཛིན་ལ་བཞུགས་འདུག་པས་མ་བླངས་ལོག་དེ་ནས་ས་ར་ཧ་པས་ལོ་བཅུ་གཉིས་ཀྱི་བར་དུ་ཏིང་ངེ་འཛིན་ལས་མ་བཞེངས། དེ་ནས་བཞེངས་པ་དང་། ཆུང་མ་ལ་ལ་ཕུག་གི་ཚོད་མ་ག་རེ། བྱས་པས། བྱན་མོ་ན་རེ། ཁྱོད་ལོ་བཅུ་གཉིས་སུ་ཏིང་ངེ་འཛིན་ལས་མ་བཞེངས་པས་ད་ལྟ་ག་ན་ཡོད། ད་ནི་དཔྱིད་ཀྱི་དུས་སུ་སོང་ནས་མེད་དོ་ཞེས་སྨྲས་པ་དང་། དེར་ས་ར་ཧས། ཆུང་མ་ལ། ང་རི་ལ་སྒྲུབ་པ་ལ་འགྲོ་བ་ཡིན་སྨྲས་པས། ཆུང་མ་ན་རེ། ལུས་དབེན་པ་ནི་དབེན་པ་མ་ལགས། སེམས་མཚན་མ་དང་རྣམ་པར་རྟོག་པས་དབེན་པ་ནི་དབེན་པའི་མཆོག་ལགས་ཏེ། ཁྱོད་ཀྱིས་ལོ་བཅུ་གཉིས་སུ་ཏིང་ངེ་འཛིན་ལ་བཞུགས་ཀྱང་། མཚན་མ་ཕྲ་མོ་ལ་ཕུག་གི་རྟོག་པ་མ་ཆོད་ན་རི་ཁར་ཕྱིན་པས་ཅི་ལ་ཕན་སྨྲས་པས། ས་ར་ཧ་པས་དེ་བདེན་དགོངས་ཏེ། མཚན་མ་དང་རྣམ་པར་རྟོག་པ་སྤངས་ཏེ། གཉུག་མའི་དོན་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་འགྲོ་དོན་དཔག་ཏུ་མེད་པ་མཛད། མཐར་ཆུང་མ་དང་གཉིས་ཀ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ས་ར་ཧ་པའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact