Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༢༽གུརུལཱིལཱཔཱ། Mahāsiddha Līlapa

༈གུརུལཱིལཱཔའི་ལོ་རྒྱུས་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་པོ་གཅིག་སེངྒེའི་ཁྲི་ལ་བཞུགས་པའི་ཚེ། ཡུལ་གཞན་ཞིག་ནས་རྣལ་འབྱོར་པ་ཞིག་དེའི་ཐད་དུ་བྱོན་པ་དང་། རྒྱལ་པོ་ན་རེ། ཁྱོད་རྒྱལ་ཁམས་ཐམས་ཅད་དུ་འཁྱམས་པ་ཉོན་རེ་མོངས། གསུང་པས། རྣལ་འབྱོར་པ་ན་རེ་བདག་མི་སྡུག་སྟེ། ཁྱོད་རང་ཉོན་མོངས་སོ། །དེ་ཅི་ཏེ་ན་ཉིད་རྒྱལ་སྲིད་ཤོར་གྱི་དོགས། འབངས་རྣམས་མ་མགུའི་དོགས་པས་ཉིད་རང་སྡུག་བསྔལ་ལོ། །བདག་ནི་མེའི་ནང་དུ་འཆོངས་ཀྱང་མི་ཚིག །དུག་ཟོས་ཀྱང་མི་འཆི། རྒས་པ་དང་། འཆི་བའི་སྡུག་བསྔལ་མེད་དེ། བཅུད་ལེན་གྱི་གདམས་ངག་ཡོད། གསུང་པས། རྒྱལ་པོ་དད་ནས་དངོས་ཀྱི་ཉིད་བཞིན་དུ་རྒྱལ་ཁམས་འགྲིམ་པར་ནི་མི་ནུས་མོད། འོན་ཀྱང་རང་གི་རྒྱལ་སར་སྟན་ལ་འདུག་ནས་སྒོམ་པར་ནུས་ན། དངོས་ལ་ཉིད་ཀྱི་གདམས་ངག་ཅིག་ཞུ། བྱས་ནས་ཕྱག་བྱས་པས། སློབ་དཔོན་གྱིས་གནང་སྟེ། ཀྱཻའི་རྡོ་རྗེའི་དབང་བསྐུར། གདམས་ངག་བྱིན་ནས་དྲན་པ་གཅིག་པའི་ཏིང་ངེ་འཛིན་བསྒོམ་དུ་བཅུག་གོ །དེ་ནས་རྒྱལ་པོ་རང་ཉིད་ཀྱི་སེངྒེ་ཁྲི་ལ་ཟ་འོག་གིས་སྤྲས་པའི་སྟན་ནང་ཚངས་ཅན་དང་། སྔས་ལ་སོགས་པའི་སྟེང་དུ་བཙུན་མོ་དང་བློན་པོའི་ཚོགས་དང་། རོལ་མོའི་བྱེ་བྲག་སྣ་ཚོགས་པས་བསྐོར་ནས་བསྒོམས་པས་མཚན་ཡང་ལོངས་སྤྱོད་པའམ། སྒེག་པ་ལ་སོགས་པས་ལཱིལཱཔ་ཞེས་གྲགས་སོ། །གདམས་ངག་དངོས་ནི་ཕྱག་གཡས་པའི་སོར་གདུབ་ལ་མ་ཡེངས་པར་བསྒོམ་པའོ། །དེ་མི་འགྱུར་བར་འདུག་བྱས་པས། དེའི་ནང་དུ་དགྱེས་པ་རྡོ་རྗེའི་ལྷ་ཚོགས་བསྒོམ་པའི་གདངས་ངག་བྱིན་པ་དང་། དེ་ཡང་མི་འགྱུར་བར་འདུག་གོ་ཟེར་བ་ན། བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམས་པས་རྟོགས་པ་རང་ཤུགས་སུ་ཤར་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་ནོ། །དེས་ན་བླ་མའི་གདམས་ངག །རང་གི་བརྩོན་པ། སྔ་མའི་ལས་འཕྲོ་དང་གསུམ་འཛོམས་ན་འདོད་ཡོན་མ་སྤངས་ཀྱང་གྲོལ་ལོ། །དེས་ཀྱང་འགྲོ་དོན་དཔག་ཏུ་མེད་པ་མཛད་ལ། མིང་དུ་ལཱིལཱཔཱ་ཞེས་ཕྱོགས་མཚམས་ཐམས་ཅད་དུ་གྲགས་ཤིང་། མཐར་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ལཱིལཱཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact