| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༡༽ལཱུཧིཔཱའི་ལོ་རྒྱུས། Mahāsiddha Lūipa
༈དེ་ལ་གུརུལཱུཧིཔཱའི་ལོ་རྒྱུས་ནི། འདིར་ལཱུཧི་ཞེས་བྱ་བ་ནི་ཉའི་རྒྱུ་ལྟོ་གསོལ་བ་ལས་མཚན་དུ་བཏགས་པ་སྟེ། དེ་ཡང་སིངྒ་ལཱའི་གླིང་གི་རྒྱལ་པོ་གཅིག་ལ་རྒྱལ་སྲིད་ཀྱང་རྣམ་ཐོས་ཀྱི་བུ་དང་མཉམ་པ། རྒྱལ་པོའི་ཁང་བཟང་ཐམས་ཅད་ནི་རིན་པོ་ཆེ་དང་། མུ་ཏིག་དང་། གསེར་དངུལ་ལ་སོགས་པས་བརྒྱན་པ་ཡོད་ལ། སྲས་ཀྱང་གསུམ་མངའ་བ་ལས། ཡབ་རྒྱལ་པོ་གྲོངས་ནས་དུས་རེ་ཞིག་གི་ཚེ། རྩིས་མཁན་རྣམས་ལ་སྲས་གང་གིས་རྒྱལ་སྲིད་ཟིན་པ་རྩིས་བྱས་པས། དེ་ན་རེ། སྲས་བར་པས་རྒྱལ་སྲིད་བཟུང་ན་ཆབ་སྲིད་བརྟན་པ་དང་། འཁོར་འབངས་སྐྱིད་པ་ལ་སོགས་པའི་ཡོན་ཏན་ཡོད་དོ་ཟེར་བ་དང་། ཡབ་ཀྱིས་རྒྱལ་སྲིད་དེ་ལ་གཏད། དེ་ནས་གཅེན་དང་། གཅུང་དང་། འབངས་ཐམས་ཅད་ཀྱིས་ཀྱང་རྒྱལ་ཚབ་ཏུ་དབང་བསྐུར་བ་དང་། དེས། རྒྱལ་སྲིད་མ་འདོད་ནས་བྲོས་པར་བརྩམས་པ་ལས། གཅེན་དང་། གཅུང་དང་། འབངས་རྣམས་ཀྱིས་དེ་བཟུང་ནས་གསེར་གྱི་སྒྲོག་གི་ལྕགས་སུ་བཅུག་པ་དང་། རྒྱལ་བུ་དེས་འཁོར་དང་བཙོན་བསྲུང་ཀུན་ལ་གསེར་དང་དངུལ་ལ་སོགས་པའི་བྱ་དགའ་བྱིན་ནས། མཚན་ལ་གོས་ཚེམ་བུ་ཅན་གྱོན་ཏེ། སྐྱེལ་མ་ལ་ཡང་གསེར་དངུལ་ལ་སོགས་པའི་བརྔན་པ་བྱིན་ནས། རྒྱལ་པོ་རཱ་མ་ལའི་ཡུལ་རཱ་མེ་ཤྭ་རར་ཕྱིན་པ་དང་། སྟན་དར་ཟབ་ལས་བྱས་པ་བོར་ནས་ཀྲྀཥྞ་སཱ་རའི་སྟན་བཏིངས་ནས་རྒྱལ་ས་སྤངས་ནས་ཐལ་བའི་ནང་དུ་ཉལ་ལོ། །རྒྱལ་བུ་དེ་གཟུགས་བཟང་ཞིང་བལྟ་ན་སྡུག་པས། ཀུན་གྱིས་བཟའ་བ་དང་བཅའ་བ་ལ་སོགས་པའི་མི་བྲལ་བ་ཉིད་དུ་སྦྱིན་ནོ། །དེ་ནས་རྡོ་རྗེ་གདན་དུ་བྱོན་པས་དེར་མཁའ་འགྲོ་མས་རྗེས་སུ་གཟུང་སྟེ། གདམས་པ་བསྟན་ཏོ། །རྒྱལ་པོ་བཞུགས་ས་པ་ཌ་པུ་ཏྲར་བྱོན་ནས། མི་ཀུན་གྱིས་ཟས་བྱིན་པ་ཟ་ཞིང་། དུར་ཁྲོད་དུ་ཉལ་གིན་འདུག་པ་ལས། ཉིན་གཅིག་ཚོགས་འདུས་སུ་བྱོན་ནས་ཆང་འཚོང་མའི་གནས་སུ་ཕྱིན་པ་དང་། ཆང་འཚོང་མའི་གཙོ་མོ་དེ་ནི་འཇིག་རྟེན་གྱི་མཁའ་འགྲོ་མ་ཞིག་ཡིན་པས། དེས་རྒྱལ་བུ་ལ་བལྟས་ནས་འདིའི་འཁོར་ལོ་བཞིའི་དྲི་མ་ལ་སོགས་པ་ཐམས་ཅད་ནི་དག་ནས་འདུག་པ་ལ། སྙིང་ག་ན་སྲན་མ་ཙམ་ཞིག་རིགས་ཀྱི་རྟོག་པ་མ་དག་པར་འདུག་གོ་ཞེས་ཟེར་རོ། །དེ་ནས་བུད་མེད་དེས་རྫ་མའི་ནང་དུ་ཟས་རུལ་བ་བླུགས་ནས་བྱིན་པ་དང་། རྒྱལ་བུས་དེ་བསྐྱུར་བས་མཁའ་འགྲོ་མ་དེ་ཁྲོས་ནས། ཁྱོད་ཀྱིས་ཟས་བཟང་ངན་གྱི་རྣམ་རྟོག་མ་སྤངས་ན་ཆོས་ག་ལ་འོང་ཞེས་སྨྲས་པས། རྒྱལ་བུ་དེས་རྣམ་རྟོག་དང་མཚན་མ་ནི་བྱང་ཆུབ་ཀྱི་གེགས་སུ་འདུག་སྙམ་ནས། རྣམ་རྟོག་དང་མཚན་མ་སྤངས་ཏེ། ཉ་པས་གངྒཱ་ནས་ཉ་བསད་པའི་རྒྱུ་མ་ས་ལ་བསྐྱུར་བ་རྣམས་བླངས་ནས། དེ་ཟ་ཞིང་ལོ་བཅུ་གཉིས་ཀྱི་བར་དུ་བསྒྲུབས་སོ། །ཉའི་རྒྱུ་མ་ཟ་བ་ཉ་འཚོང་པའི་བུད་མེད་ཀུན་གྱིས་མཐོང་ནས། ཐམས་ཅད་ཀྱི་ལཱུཧི་པཱ་ཞེས་སྨྲས་པ་དང་། ཕྱོགས་མཚམས་ཐམས་ཅད་དུ་ལཱུ་ཧི་པ་ཞེས་གྲགས་ཏེ། དེའི་མིང་དང་དངོས་གྲུབ་ཐོབ་བོ། །འདིའི་འཕྲོས་དཱ་རིཀཱཔཱ་དང་། ཊིངྒི་པཱའི་སྐབས་སུ་ཡང་འབྱུང་ངོ་། །གྲུབ་ཆེན་ལཱུཧི་པཱའི་རྣམ་པར་ཐར་པ་རྫོགས་སོ།། །།
