| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༤༽ཌོམབྷིཔཱ། Mahāsiddha Ḍombipa
༈གུརུཌོམབྷིཔཱའི་ལོ་རྒྱུས་ནི། ཡུལ་མགངྷ་རིགས་རྒྱལ་རིགས། དངོས་གྲུབ་དགྱེས་པ་རྡོ་རྗེ་ལས་བརྙེས་སོ། །དེ་ཡང་བླ་མ་ནག་པོ་སྤྱོད་པས་དབང་བསྐུར། གདམས་ངག་གནང་ནས་དོན་ཉམས་སུ་བླངས་པ་དང་། འབངས་རྣམས་ལ་བུ་གཅིག་པའི་བསམ་པ་བཞིན་དུ་དགོངས་པས། མི་རྣམས་ཀྱིས་རྒྱལ་པོ་ཆོས་ཀྱི་སྒོར་ཞུགས་པ་ནི་མ་ཚོར། རང་གཞན་གྱིས་འབངས་རྣམས་ལ་བྱམས་པར་འདུག་པས། རྒྱལ་པོ་འདི་ནི་ཆོས་པ་འདྲ་བ་ཞིག་འདུག་གོ་ཞེས་འབངས་རྣམས་མཐུན་པར་སྨྲའོ། །དེའི་དུས་རྒྱལ་པོས་བློན་པོ་ལ་སྨྲས་པ། འོ་སྐོལ་གྱི་ཡུལ་འདིར་རྐུན་མོ་དང་འཇིགས་པས་མི་ཀུན་ལ་འཕྲོག་འཇོམས་བྱེད་པ་དང་། རང་གི་བསོད་ནམས་ཀྱི་ལས་འཕྲོས་དབུལ་བ་དང་། ཕོངས་པ་ཤིན་ཏུ་མང་བས། འདི་ཀུན་འཇིགས་པ་དང་། ཕོངས་པ་ལས་བསྐྱབས་པའི་ཕྱིར་མཁར་བའི་ཅོང་ཆེན་པོ་བརྡུངས་ལ་ཤིང་གི་སྡོང་པོ་ཆེན་པོ་ལ་ཐོགས་ལ་ཞོག་ཅིག །གནོད་པ་དང་ཕོངས་པ་མཐོང་ན་ཅོང་དེ་རྡུང་ཤིག །དེ་མ་ཡིན་པར་མ་རྡུངས་ཤིག །ཅེས་རྒྱལ་པོས་བློན་པོ་ལ་སྨྲས་ན། བློན་པོས་ཀྱང་དེ་བཞིན་དུ་བྱས་ཏེ། མ་ག་ངྷ་ར་ཕོངས་པ་དང་འཇིགས་པ་ཐམས་ཅད་རྒྱུན་ཆད་པར་བྱས་སོ། །དུས་རེ་ཞིག་ན་རྒྱལ་སར་རིགས་ངན་གྱི་གླུ་མཁན་ཚན་ཅིག་འོངས་ནས་རྒྱལ་པོ་ལ་གླུ་དང་རོལ་མོ་འབུལ་ཅིང་འདུག་པ་དང་། གླུ་མཁན་དེ་ལ་བུ་མོ་ལོ་བཅུ་གཉིས་ལོན་པ་འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ་བཞིན་སྡུག་ཅིང་མདོག་ལེགས་པ་ལྟ་ན་སྡུག་ཅིང་ཡིད་དུ་འོང་བ་པདྨ་ཅན་གྱི་ཡོན་ཏན་ཐམས་ཅད་ཚང་བ་ཞིག་འདུག་པ་ལ། རྒྱལ་པོས་རིགས་ངན་གླུ་མཁན་དེ་ལ་གསུངས་པ་ཁྱོད་ཀྱི་བུ་མོ་དེ་ང་ལ་བྱིན་ཅིག །དེ་ན་རེ། ཉིད་མགདྷའི་རྒྱལ་པོ་གྲོང་ཁྱེར་འབུམ་ཚོ་བརྒྱད་ལ་དབང་བྱེད་ཅིང་། རྒྱལ་པོའི་འབྱོར་པས་བྲེལ་བ་མེད་པའི་རྒྱལ་པོ་ཆེན་པོ་ལགས་ན། དངོས་ཅག་རིགས་དམན་ཞིང་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་སྨད་ཅིང་སྤང་བར་བྱ་བ་ལགས་ན། དེ་འདྲའི་བཀའ་སྩལ་གྱི་གནས་མ་ལགས་སོ། །ཞེས་ཞུས་པ་དང་། རྒྱལ་པོས་གལ་གྱིས་བཅུན་ནས་རྒྱལ་པོས་བུ་མོ་དང་མཉམ་པའི་གསེར་བགར་ནས་ཕ་མ་ལ་བྱིན་ཏེ་བུ་མོ་རྒྱལ་པོས་ཁྱེར་རོ། །དེ་ནས་ལོ་བཅུ་གཉིས་ཀྱི་བར་ཕྱག་རྒྱར་བསྟེན་པ་མིས་མ་ཚོར་བ་ལ་ལོ་བཅུ་གཉིས་ནས་ཚོར་ཏེ། རྒྱལ་པོས་རིགས་ངན་མ་བླངས་སོ། །ཞེས་མ་ག་དྷའི་ཕྱོགས་ཐམས་ཅད་དུ་བསྒྲགས་པ་དང་། རྒྱལ་པོས་སྲས་ལ་སོགས་པ་ལ་རྒྱལ་སྲས་གཏད་ནས་རིགས་ངན་མ་དང་གཉིས་ནགས་གསེབ་ཏུ་བསྒྲུབས་པ་ལ་ལོ་བཅུ་གཉིས་ལོན་པ་དང་། སྲས་དང་འབངས་རྣམས་ཀྱིས་རྒྱལ་སྲིད་མ་ཟིན་པར་ཡུལ་ཁམས་སྔར་བས་བསོད་ནམས་འགྲིབ་པ་ལ། མི་ཀུན་གྱིས་གྲོས་བྱས་ཏེ་སྔར་གྱི་རྒྱལ་པོ་ཉིད་བཙལ་ལ་རྒྱལ་སྲིད་བྱེད་དགོས་ཟེར་ནས། མི་འགའ་བལྟར་བཏང་བས་དེའི་བཞུགས་སར་ཕྱིན་ནས་བལྟས་པ་དང་། རྒྱལ་པོ་ནི་ཤིང་སྡོང་གཅིག་གི་དྲུང་ན་བཞུགས། བུ་མོ་ཆུ་ལེན་དུ་སོང་བ་ན་མཚོའི་ཁ་ལ་པདྨའི་འདབ་མའི་སྟེང་ན་ཆུ་ལ་མི་ནུབ་པར་ཕྱིན་ནས། ཆུ་འདོམ་བཅོ་ལྔ་ཙམ་གྱི་འོག་ནས་ཆུ་བླངས་ཏེ་རྒྱལ་པོ་ལ་དྲངས་པ་དང་། མི་དེ་ཀུན་ངོ་མཚར་སྐྱེས་ནས་ཡུལ་དུ་ལོག་སྟེ་དེའི་གཏམ་བྱས་སོ། །དེ་ནས་རྒྱལ་འབངས་ཀུན་གྱིས་རྒྱལ་པོ་སྤྱན་འདྲེན་པར་བཏང་ནས་སྤྱན་དྲངས་པས། ནགས་ནས་ཡབ་ཡུམ་གཉིས་སྟག་མོ་གྲུས་མ་ལ་ཞོན། དུག་སྦྲུལ་ལ་ལྕག་བྱས་ཏེ་འོངས་པས་མི་ཀུན་ངོ་མཚར་སྐྱེས་ནས་ཉིད་ཀྱིས་རྒྱལ་སྲིད་བཟུང་ན་ཟིན་པས་གཟུང་འཚལ་ཅེས་ཞུས་པས། རྒྱལ་པོ་ན་རེ། ང་རིགས་ངན་ཡིན་པས་རྒྱལ་སྲིད་བྱེད་དུ་ག་ལ་རུང་། འོན་ཀྱང་ཤི་ཕན་ཆད་རིགས་བཟང་ངན་གྱི་རྟོག་པ་ཆད་པ་ཡིན་པས། མེར་སྲེགས་ཤིག་དང་། དེ་ནས་སྐྱེས་པ་དང་གཟོད་བྱ་ཟེར། དེ་ནས་ཡུལ་མི་རྣམས་ཀྱིས་ཙནྡན་གོ་ཤཱིརྵའི་ཤིང་གིས་ཡབ་ཡུམ་གཉིས་བསྲེགས། ཤིང་མངས་ནས་ཞག་བདུན་མེ་མ་ཤི་བ་དང་། དེ་ནས་བལྟས་ཙམ་ན། པདྨའི་སྡོང་པོའི་གོང་བུ་ཁ་བྱེ་བའི་ནང་ན་ཡབ་ཡུམ་གཉིས་རང་བྱུང་གི་སྐུར་གྱུར་ནས་ཟིལ་པ་ཕྲོམ་མེར་དགྱེས་རྡོར་ཡབ་ཡུམ་དུ་གྱུར་པ་མཐོང་བས། མ་ག་དྷའི་མི་ཐམས་ཅད་དད་ནས་མིང་དུ་ཡང་སློབ་དཔོན་ཌོཾ་བི་པ་ཞེས་གྲགས་སོ། །དེ་ནས་རྒྱལ་པོས་བློན་པོ་ལ་སོགས་པ་ཐམས་ཅད་ལ་སྨྲས་པ། ཁྱེད་ཅག་ཐམས་ཅད་ཀྱི་ང་བཞིན་བྱེད་ནུས་ན་རྒྱལ་སྲིད་བྱེད། དེ་ལྟར་མི་ནུས་ན་མི་བྱེད་གསུངས་པས། ཐམས་ཅད་ཧ་ལས་ནས་འདི་འདྲ་བ་ག་ལ་ནུས། ཟེར་ནས་འདུག་གོ །སླར་ཡང་རྒྱལ་པོས་གསུངས་པ། རྒྱལ་སྲིད་ནི་མནོག་ཆུང་ལ་ཉེས་དམིགས་ཆེ་བར་འདུག་པས་ང་ནི་ཆོས་ཀྱི་རྒྱལ་སྲིད་བྱེད་པ་ཡིན། གསུངས་ནས་དེ་ཉིད་ནས་མཁའ་སྤྱོད་ཀྱི་གནས་སུ་འགྲོ་བའི་དོན་ལ་གཤེགས་སོ། །གུརུཌོཾབིཔཱའི་ལོ་རྒྱུས་རྫོགས་སོ།། །།
