Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༣༽གུརུཝིརཱུཔཱ། Mahāsiddha Virūpa

༈གུརུཝིརཱུཔཱའི་ལོ་རྒྱུས་ནི། ཤར་ཕྱོགས་རཱཇཱདེབཔཱལའི་ཡུལ་ཏྲིཔུརར་སྐུ་འཁྲུངས། སཽམཔུརཱི་ཞེས་བྱ་བའི་གཙུག་ལག་ཁང་དགེ་འདུན་སྟོང་གི་སྐུ་འཚོ་ཡོད་པའི་ཆོས་འཁོར་ཆེན་པོ་ཅིག་ཡོད་པ་ལ། ཝིརཱུཔ་རྟེན་དགེ་སློང་ཡིན་ཡང་། དབང་བསྐུར་ཞུས་ནས་རྡོ་རྗེ་ཕག་མོའི་བཟླས་པ་ལོ་བཅུ་གཉིས་ཀྱི་བར་དུ་འབུམ་ཕྲག་བརྒྱ་ལན་གཉིས་བཟླས་པས། རྨི་ལམ་གྱི་རྟགས་ཙམ་ཡང་མ་བྱུང་ནས། ཐུགས་མུག་སྟེ་འཕྲེང་བ་ཆབ་ཁང་དུ་བསྐྱུར་ནས་ཅི་བདེར་བཞུགས། དགོང་ཁ་མཆོད་པའི་དུས་སུ་འཕྲེང་བ་མེད་པའི་རྟོག་པ་བྱུང་བ་དང་། ཌཱ་ཀཱི་མས་འཕྲེང་བ་ལག་པར་བྱིན་ནས་གསུང་གི་སྣང་བ་འདི་ལྟར་བྱིན་ཏེ། རིགས་ཀྱི་བུ་ངས་བྱིན་གྱིས་བརླབས་ཀྱི་ཁྱོད་ཡི་མ་མུག་པར་རྣམ་རྟོག་དང་མཚན་མ་ཐམས་ཅད་སྤོངས་ལ་སྒྲུབ་པ་གྱིས་ཤིག །སེམས་ཉིད་གཉུག་མར་གནས་པ་དེ། །རྡོ་རྗེ་ཕག་མོའི་ངོ་བོ་ཡིན། །རང་ལ་ཡོད་ཀྱང་གཞན་ལ་རེ། །ཤིན་ཏུ་མི་མཁས་བྱིས་པའི་ངང་། །སེམས་ཉིད་ཡིད་བཞིན་ནོར་བུ་དེ། །རྣམ་པར་རྟོག་པས་མ་གོས་པར། །ཆོག་ཤེས་སྒྲུབ་པ་དམ་པ་ཡིན། །ཞེས་ཟེར་རོ། །དེ་ནས་ཡང་ལོ་བཅུ་གཉིས་བསྒྲུབས་པས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་གཡོག་པོས་ཤ་དང་ཆང་ཉོས་ཤིང་དྲངས། དེ་ནས་གཙུག་ལག་ཁང་གི་ཕུག་རོན་ཡོད་པ་བསད་ནས་ཤ་བྱས་ཏེ་ཟོས་པ་དང་། ཕུག་རོན་རྣམས་ཟད་ནས། དགེ་འདུན་གྱིས་ངེད་ཀྱི་མཆོད་གནས་སུས་ཟོས་བྱས་པས། དེ་ན་ཡོད་པའི་བཙུན་པ་ཀུན་གྱིས་ངེད་ཀྱིས་མ་ཟོས་ཟེར། བྲང་ཁང་ཀུན་བལྟས་པས་ཝིརཱུཔའི་བྲང་ཁང་བལྟར་བཏང་བ་དང་། སྐར་ཁུང་ནས་བལྟས་པས། དེ་ཆང་འཐུང་ཞིང་ཕུག་རོན་གྱི་ཤ་ཟ་བ་མཐོང་ནས། དགེ་འདུན་གྱི་གཎྜྻི་བརྡུངས་ཏེ་གནས་ནས་དབྱུང་བར་བྱས་པ་དང་། ཝིརཱུཔས་ཆོས་གོས་དང་ལྷུང་བཟེད་སྐུ་གཟུགས་ཀྱི་སྤྱན་སྔར་ཕུལ། ཕྱག་བྱས་ཏེ་སྒོ་ལ་མ་ཕྱིན་པ་དང་། གཙུག་ལག་ཁང་དེའི་རྩ་ན་མཚོ་ཆེན་པོ་ཞིག་ཡོད་པ་ལ། དགེ་སློང་གཅིག་གིས་ཁྱོད་ལམ་གང་ལ་འགྲོ་བྱས་པས། ང་ཁྱེད་ཀྱིས་བསྐྲད་པ་ལ་ལམ་ལ་བཟའ་གཏད་ཅི་ཡོད། གསུངས་ནས་ཆུ་དེའི་ཐོག་ན་ཕར་པདྨའི་འདབ་མ་ལ་ཞབས་བཞག་ནས་པདྨའི་མེ་ཏོག་ཆུར་མ་ནུབ་པར་བཅད་དེ་སངས་རྒྱས་ལ་མཆོད་པ་བྱས་ནས་ཕ་མཐར་སོང་ངོ་། །སཽམཔུརཱིའི་མི་ཀུན་འགྱོད་པ་སྐྱེད་སྐྱེས་ཏེ། ཞབས་ལ་འཇུས་ཏེ་ཕྱག་བྱས་ནས། ཁྱེད་ཀྱིས་ཕུག་རོན་ཅི་ལ་བསད་བྱས་པས། ངས་མ་བསད་པ་ཡོད་ཟེར། གཡོག་པོས་ཕུག་རོན་གྱི་གཤོག་པའི་དུམ་བུ་རྣམས་ཁྱེར་འོངས་པ་དང་། སློབ་དཔོན་གྱིས་སེ་གོལ་ཅིག་རྟོག་པར་མཛད་པས་གཤོག་དུམ་དེ་དག་ཕུག་རོན་ཉིད་དུ་སོང་ནས། དེ་ཡང་སྔར་བས་ཀྱང་ཆེ་བ་དང་བཟང་བར་བྱས་ཏེ་ནམ་མཁའ་ལ་འཕུར་ནས་སོང་བ་ཀུན་གྱིས་མཐོང་ངོ་། །དེ་ནས་ཝིརཱུཔས་དགེ་སློང་གི་རྟགས་བསྐྱུར་ནས་རྣལ་འབྱོར་པའི་སྤྱོད་པ་མཛད་དེ། གངྒཱའི་འགྲམ་དུ་ཕྱིན་ནས་གངྒཱའི་ལྷ་མོ་ལ་བཟའ་བཏུང་བླངས་པས་མ་སྟེར་བས། སློབ་དཔོན་ཁྲོས་ནས་ཆུ་ཡར་མར་དུ་རྦད་ཀྱིས་བཅད་ནས་ཕ་མཐར་གཤེགས་སོ། །དེ་ནས་ཀནསཏའི་གྲོང་ཁྱེར་དུ་ཆང་འཚོང་མ་ལས་ཆང་ཉོས་པ་དང་། དེས་ཆང་ཕོར་བ་གང་དང་འབྲས་སྡེར་མ་གང་བྱིན་པ་ལ་ལོངས་སྤྱོད་དོ། །དེ་ནས་ཞག་ཕྱེད་གསུམ་གྱི་བར་དུ་ཉི་མ་འགྲོར་མ་འདོད་པ་དང་། ཡུལ་དེའི་རྒྱལ་པོ་ཧ་ལས་ནས། འདི་འདྲ་བ་སུའི་རྫུ་འཕྲུལ་ཡིན་ཞེས་ཡོངས་སུ་བསྒྲགས་པར་བྱས་པ་དང་། ཉི་མའི་ལྷ་མོས་རྒྱལ་པོའི་རྨི་ལམ་དུ། རྣལ་འབྱོར་པ་ཅིག་གིས་བདག་ཆང་འཚོང་མ་ལ་གཏའ་མར་བཅུག་ནས་ཡོད་ཅེས་ལུང་བསྟན་པས། རྒྱལ་པོ་དང་སྐྱེ་བོའི་ཚོགས་ཀྱིས་ཆང་རིན་བརྩིས་པས་བྱེ་བར་སོང་བ་སོ་སོར་བཅལ་ནས་ཝིརཱུཔ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཨིནྡྲ་ཞེས་བྱ་བའི་མུ་སྟེགས་ཀྱི་ཡུལ་དུ་ཕྱིན་པ་དང་། དེའི་ཡུལ་ན་དབང་ཕྱུག་ཆེན་པོའི་སྐུ་ཁྲུ་བརྒྱད་ཅུ་རྩ་གཅིག་པ་ཞིག་འདུག་པ་དེ་ལ་ཕྱག་གྱིས་ཟེར་བ་ལ། ང་ཕོ་བོ་ཡིན་པས་ནུ་བོ་ལ་ཕྱག་བྱེད་པའི་ལུགས་མེད་བྱས་པས། དེའི་རྒྱལ་པོ་ལ་སོགས་པ་ཀུན་གྱིས་འོ་ན་ཁྱོད་གསོད་པ་ཡིན་ཞེས་ཟེར་བ་དང་། སློབ་དཔོན་ན་རེ། ངས་འདི་ལ་ཕྱག་བྱས་ན་སྡིག་པ་འོང་བས་ཕྱག་མི་བྱེད་པ་ཡིན་ཞེས་སྨྲས་པ་དང་། རྒྱལ་པོ་དེའི་སྡིག་པ་ང་ལ་ཤོག་ཅིག་ཟེར་བ་དང་། སློབ་དཔོན་གྱིས་ཕྱག་ཐལ་མོ་བྱས་པས། མཧཱ་དེ་ཝའི་རྟེན་དེ། ཕྱེད་ཚལ་དུ་གས་པ་དང་། བར་སྣང་ནས་སྒྲ་ཞིག་བྱུང་ནས། སློབ་དཔོན། ང་ནི་དམ་བཅས་པ་བཞིན་ཉན་ནོ་ཟེར། སློབ་དཔོན་གྱིས་འོ་ན་མནའ་བོར་བྱས་པས། མནའ་བོར་བས་ལྷགས་པ་ཡང་སླར་འབྱོར་རོ། །དེ་ནས་མཧཱ་དེ་ཝའི་རྟེན་གྱི་མཆོད་པའི་ཡོ་བྱད་རྣམས་སློབ་དཔོན་ལ་ཕུལ་ནས། དེ་ནང་པ་སངས་རྒྱས་པ་གཞན་གྱི་འཚོ་བ་བྱས་ནས་ད་དུང་ཡང་ཡོད་ཟེར་རོ། །དེ་ནས་སློབ་དཔོན་རྒྱ་གར་ཤར་ཕྱོགས་དེ་ཝཱི་ཀོ་ཊིར་བྱོན། ཡུལ་དེའི་མི་ཐམས་ཅད་ཕྲ་མེན་མར་སོང་ནས། ཕྲ་མེན་མ་གཅིག །གྲོང་ཁྱེར་གྱི་ཕྱི་རོལ་ལམ་ཁར་བསྡད་ནས་ལམ་དེ་ནས་ཡོང་ཚད་ལ་ཕྲ་མེན་གྱི་སྔགས་ཀྱིས་བཏབ་ཀྱིན་གཏོང་བ་ཆོས་ལུགས་ཡིན་པ་ལ། སློབ་དཔོན་གྱིས་སྔོན་ལ་བྱོན་ནས་གཙུག་ལག་ཁང་ཞིག་ཏུ་ཉལ་བར་བྱས་ནས་འདུག་པ་དང་། བྲམ་ཟེའི་ཕྲུ་གུ་ཞིག་ཕྱི་ནས་ཡོང་བ་སྔགས་བཏབ་ནས་བཏང་བས། གྲོང་དེར་ཟས་ནི་རྙེད་ལ་ཉལ་ས་ནི་མ་རྙེད་པ་དང་། དེ་ནང་པ་སངས་རྒྱས་པ་ཞིག་དང་འཕྲད་ནས། དེས་བྲམ་ཟེའི་ཕྲུ་གུ་ལ་སྨྲས་པ། ཡུལ་འདི་ན་ཐམས་ཅད་ཕྲ་མེན་མར་སོང་ནས་མི་མེད་ཅིང་། དེ་ཀུན་གྱིས་བར་ཆད་བྱེད་པ་ཡིན་པས་གཙུག་ལག་ཁང་ཕ་གིར་སོང་ལ་འདུག་ཟེར་ནས་དེར་ཕྱིན་པ་དང་། དེར་སློབ་དཔོན་ཝི་རཱུ་པ་དང་མཇལ་ཏེ་དེས་བྲམ་ཟེ་དེ་ལ་སྔགས་དང་བྱིན་གྱིས་རླབས་བྱས་ཏེ་བོར། མཚན་ལ་ཕྲ་མེན་མ་ཀུན་འཚོགས་ནས་མཆོད་པའི་ཡོ་བྱད་ཅི་ཡོད། ཟེར་བ་ལ། ཐམས་ཅད་ཀྱིས་ཤ་སྣའི་ཚོགས་གཞན་ཀུན་ཡོད་དེ་ཤ་ཆེན་མ་རྙེད་ཟེར་བ་དང་། དེའི་ནང་ནས་གཅིག་ན་རེ། ངས་ཤ་ཆེན་གཉིས་ཁུག་ནས་ཡོད་ཟེར་བ་ལ། གཙོ་མོས་ཁྱེར་ལ་ཤོག་ཟེར་ནས་ལེན་པར་བརྩམས་པ་ན། བྲམ་ཟེ་ཕྲུ་གུ་ལ་ཝི་རཱུ་པས་བྱིན་རླབས་མཛད་ཡོད་པས་དེ་འཁོར་མ་ནུས། ལེན་པར་ཡང་ཡང་བཏང་བས། མཐར་ཝི་རཱུ་ར་ཤིང་མགལ་ཞིག་གི་སྟེང་ན་ཡོད་པ་མཐོང་ནས་ཤིང་དང་བཅས་པ་འཁྱེར་ནས་འོངས་པ་ལ། ཕྲ་མེན་ཀུན་གྱིས་ཕྱག་ཚང་བྱེད་དུ་བྱུང་བ་དང་། ཝི་རཱུ་པས་ཁོ་པའི་ཆང་ཀུན་འཐུང་། ཕྲན་མེན་ཀུན་གྱིས་ཝི་རཱུ་པ་བསད་པར་བྱ་སྙམ་ཐམས་ཅད་ཀྱིས་གད་རྒྱངས་ཀྱི་སྒྲ་བསྒྲགས་པ་དང་། སློབ་དཔོན་གྱིས་ཁྲོ་བོའི་གད་མོ་བཅུ་གཉིས་བགད་པས་ཕྲ་མེན་མ་ཐམས་ཅད་བརྒྱལ་བར་བྱས། ཕྱིས་ཕྲ་མེན་ཐམས་ཅད་དམ་ལ་བཏགས་ནས་ཕྱིན་ཆད་སྐྱབས་འགྲོ་བྱེད་པ་དང་། ང་ལ་དད་པའི་སེམས་ཅན་ལ་གནོད་འཚེ་མ་བྱེད་པར་འདུག་ཅིག །སྐྱབས་འགྲོ་དང་། སེམས་བསྐྱེད་མི་བྱེད་པའི་རིགས་ཀྱི་ལུས་མ་མི་གནོད་པའི་ཁྲག་ཁྱོར་བ་རེ་ཙམ་འཐུངས་ཤིག །བརྒྱ་ལ་དམ་ལས་འདས་ན་འཁོར་ལོ་འདིས་རྐེ་ཆོད་ཅིག །བྱང་གི་གནོད་སྦྱིན་འདིས་ཁྲག་འཐུང་ཤིག་གསུངས། ད་ལྟ་ཡང་གནོད་སྦྱིན་དང་། འཁོར་ལོའི་གཟུགས་ནམ་མཁའ་ལ་ཡོད་དོ། །སྲུང་མའི་འཁོར་དུ་བྱས་ནས་དམ་ལ་བཏགས་ཏེ་སློབ་དཔོན་གཞན་དུ་གཤེགས་སོ། །སླར་ཡང་ཕྱིར་ལོག་ནས་དེ་ཝཱི་ཀོ་ཊར་བྱོན་པ་དང་། ལམ་ཁར་མ་ཧཱ་དེ་ཝ་དང་། ལྷ་མོ་ཨུ་མ་གཉིས་ཀྱིས་སྤྲུལ་པའི་གྲོང་ཁྱེར་འབུམ་ཚོ་ཕྱེད་དང་ལྔ་ལེགས་པར་སྤྲུལ་ནས་ཝིརཱུཔ་ལ་སུམ་ཅུ་རྩ་གསུམ་ལ་སོགས་པ་ལྷའི་གནས་ཐམས་ཅད་ནས་ཞལ་ཟས་བླངས་ཏེ་མཆོད་པ་རྒྱ་ཆེན་པོ་བྱས་སོ། །དེ་ནས་ཚིགས་སུ་བཅད་པ་གསུངས་པ། སོ་མ་པུ་རིའི་གཙུག་ལག་ཁང་ཆེན་དུ། །རབ་བྱུང་བསྙེན་རྫོགས་འདུལ་ཁྲིམས་ལེགས་པར་བསྐྱངས། །སྔ་མའི་ལས་འབྲེལ་དབང་གིས་སྤྲུལ་པ་ཡི། །དབང་བསྐུར་བྱིན་རླབས་གདམས་པ་ཡང་དག་གནང་། །རྣམ་པར་རྟོག་པས་ལོ་ནི་བཅུ་གཉིས་སུ། །བསྒྲུབས་པས་རྨི་ལྟས་ཙམ་ཡང་མ་བྱུང་ནས། །ངལ་བའི་སེམས་ཀྱིས་གཤེ་ཞིང་ཕྲེང་བ་བསྐྱུར། །དེ་ནས་མཁའ་འགྲོ་གསུང་གི་གནང་བ་བྱིན། །དེ་ཡི་རྐྱེན་གྱིས་ཁམས་ཀྱི་ནུས་པ་བརྟས། །འཁོར་བའི་མཚན་ཉིད་ཡང་དག་ལེགས་རྟོགས་ཏེ། །རྟོག་མེད་སྤྱོད་པ་བདག་གིས་སྤྱད་བྱས་ནས། །ཕལ་ཆེན་སྡེ་པའི་དགེ་འདུན་ཀུན་གྱིས་ཀྱང་། །འཕྲུལ་བཅས་དག་ཏུ་རྟོགས་ནས་གནས་ནས་ཕྱུང་། །དེ་དག་ཀུན་གྱི་རྟོག་པ་འཇོམས་སླད་དུ། །ཆུ་ལ་བྱིང་བ་མེད་པར་བསམ་གཏན་བྱས། །གངྒཱ་གྱེན་ལ་བསྒྱུར་ནས་སྣ་ཚོགས་ཟོས། །ཉི་མ་གཏེ་བར་བཅུག་ནས་འདོད་ཡོན་སྤྱད། །ཕྱི་པའི་ལྷ་རྟེན་བཀས་ནས་ང་རྒྱལ་བཅག །དེ་ཝཱི་ཀོ་ཊར་ཕྲ་མེན་ཚོགས་རྣམས་བཏུལ། །མཧཱ་དེ་ཝས་ཡོན་ཏན་མངོན་ཕྱུང་ནས། །གྲོང་ཁྱེར་སྤྲུལ་ནས་བདག་ལ་བསྙེན་བཀུར་བྱས། །དེ་ཙམ་སྤྱོད་པ་བདག་གི་མ་སྤྱད་ན། །མཚན་བཅས་ཆོས་ལ་མོས་པར་ག་ལ་འགྱུར། །ཞེས་གསུངས་ཏེ། ལོ་བདུན་བརྒྱ་ནས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཝི་རཱུ་པའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact