Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༧༽ཀཾཀརིཔཱ། Mahāsiddha Kaṅkāripa

༈གུརུཀཾཀརི་པཱའི་ལོ་རྒྱུས་ནི། ཡུལ་མཱགྷཧཱར་རིགས་དམངས་རིགས་སོ། །དེ་ཡང་ཡུལ་མཱ་གྷཱ་ཧ་རའི་ཁྱིམ་བདག་ཞིག་གིས་རང་གི་རིགས་དང་མཉམ་པའི་ཆུང་མ་བླངས་ནས། ཁྱིམ་དུ་འདོད་པའི་ཡོན་ཏན་གྱི་རོ་ཉམས་སུ་མྱོང་བར་བྱེད་ཀྱིན་འདུག་ལ། ཐར་པའི་ལམ་དགེ་བའི་ཆོས་ལ་ནི་བློ་བག་ཙམ་ཡང་མ་ཞུགས་པར་འཇིག་རྟེན་འདི་འབའ་ཞིག་དོན་དུ་གཤེར་ཞིང་འདུག་པའི་ཚེ། དེའི་ཆུང་མ་ལ་འདུས་བྱས་ཀྱི་ལས་ཀྱི་སླེབས་ནས་ཤི་བར་གྱུར་པ་དང་། དེས་ཆུང་མའི་རོ་དུར་ཁྲོད་དུ་བསྐྱལ་ནས་རོ་བློས་གཏོང་མ་ནུས་པར་རོའི་རྩར་ངུ་ཡིན་འདུག་གོ །དེའི་གམ་དུ་ལེགས་པར་རྟོགས་པའི་རྣལ་འབྱོར་པ་ཞིག་བྱོན་ནས། ཁྱིམ་བདག་དེ་ལ། ཁྱོད་དུར་ཁྲོད་འདི་ན་ཅི་བྱེད་ཀྱིན་འདུག་ཅེས་སྨྲས་པ་དང་། ཁྱིམ་བདག་ན་རེ། རྣལ་འབྱོར་པ། བདག་གི་སྐྱིད་སྡུག་འདི་ཉིད་ཀྱིས་མ་གཟིགས་སམ། མིག་བཏོན་པའི་ལོང་བ་ཁྱིམ་ཐབ་དང་བྲལ་བའི་དཔལ་ཟད་པ་འཇིག་རྟེན་ན་བདག་ལས་སྡུག་པ་དང་། ཉོན་མོངས་པ་སུ་མཆིས། ཞེས་ཞུས་པ་དང་། རྣལ་འབྱོར་པས་ཁྱིམ་བདག་ལ་སྨྲས་པ། སྐྱེས་པའི་མཐའ་འཆི་བ། འདུས་པའི་མཐའ་འབྲལ་བ། འདུས་བྱས་ཐམས་ཅད་ནི་མི་རྟག་པ་ཡིན། འཁོར་བས་སོང་བ་ཐམས་ཅད་ནི་སྡུག་བསྔལ་བ་ཡིན་པས། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་ཁྱོད་མི་སྐྱོའམ། ཁྱོད་མི་རོ་ས་རྡོ་འདྲ་བ་ཞིག་བསྲུངས་ནས་ཅི་བྱེད། དེ་བས་ཁྱོད་རང་ཆོས་གྱིས་ལ་སྡུག་བསྔལ་སྤོངས་བྱས་པས། རྣལ་འབྱོར་པ། འཁོར་བ་སྐྱེ་འཆིའི་སྡུག་བསྔལ་ལས་ཐར་པའི་ཐབས་ཡོད་ན་སྩོལ་ཅིག་ཟེར་བ་ལ། རྣལ་འབྱོར་པས་དེ་ལས་ཐར་པའི་ཐབས་བླ་མའི་མན་ངག་ཡོད་བྱས་པས། ཁྱིམ་བདག་གིས་དེ་བདག་ལ་གནང་བར་ཞུས། ཟེར་ནས། རྣལ་འབྱོར་པས་དེ་ལ་དབང་བསྐུར་ཏེ། བདག་མེད་ཐིག་ལེའི་གདམས་ངག་བྱིན་པ་དང་། ཁྱིམ་བདག་ན་རེ། ཇི་ལྟར་བསྒོམ། ཟེར་བ་ལ། རྣལ་འབྱོར་པས་ཤི་བའི་ཆུང་མའི་རྣམ་པར་རྟོག་པ་སྤོངས་ལ། བདག་མེད་པའི་ཆུང་མ་བདེ་བ་དང་སྟོང་པ་གཉིས་སུ་མེད་པར་སྒོམས་ཤིག་བྱས་ནས་སྒོམ་དུ་བཅུག་པས། ལོ་དྲུག་ན་ཐ་མལ་པའི་ཆུང་མའི་རྣམ་རྟོག་བདེ་བ་དང་སྟོང་པའི་ངང་དུ་སྟོར་ནས། དེའི་སེམས་ཀྱི་དྲི་མ་དག་སྟེ། བདེ་ཆེན་འོད་གསལ་གྱི་རྟོག་པའི་ཉམས་སྐྱེས་པ་དང་། ཁྱིམ་བདག་དེས་དཔེར་ན་ལང་ཏང་གི་དུག་དྭངས་པས་འཁྲུལ་པ་སངས་པ་ལྟར། མ་རིག་འཁྲུལ་པའི་དུག་དྭངས་པས་ཕྱིན་ཅི་མ་ལོག་པའི་བདེན་པའི་དོན་མཐོང་སྟེ་དངོས་གྲུབ་ཐོབ། མིང་ཡང་རྣལ་འབྱོར་པ་ཀཾ་ཀ་རི་པཱ་ཞེས་བྱ་བར་ཕྱོགས་མཚམས་ཐམས་ཅད་གྲགས་སོ། །རང་གི་ཡུལ་མཱ་གྷ་ཧཱ་རར་སྐྱེ་འགྲོ་དུ་མ་ལ་ཆོས་བསྟན་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཀཾཀརིཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact