Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༥༽གུརུཤཝརིཔཱ། Mahāsiddha Śavaripa

༈གུརུཤབརིཔཱའི་ལོ་རྒྱུས་ནི། རིམནྟྭཝིཀྲམ། ཞེས་བྱ་བའི་རི་ལ་དཔལ་ཤ་ཝ་རི་པཱ་ཞེས་པའི་རྔོན་པ་ཞིག་ཡོད་པ་ལ། དེའི་ལས་སུ་སྲོག་ཆགས་མང་པོ་བསད་ཅིང་ཟས་སུ་ཤ་ཟ། དུས་རྟག་ཏུ་འཚོ་བའི་ཕྱིར་སེམས་ཅན་མང་པོ་ལ་གནོད་ཅིང་འཚེ་བའི་སྡིག་པ་འབའ་ཞིག་བྱེད་པ་དེ་ལ། འཕགས་པ་སྤྱན་རས་གཟིགས་ཀྱིས་གཟིགས་ནས་སྙིང་རྗེ་སྐྱེས་ཏེ། དེ་འདུལ་བའི་དོན་དུ་ཤ་ཝ་རི་པཱ་འདྲ་བའི་རྔོན་པ་ཞིག་ཏུ་སྤྲུལ་ནས་དེའི་གན་དུ་ཕྱིན་པ་དང་། ཤ་ཝ་རི་པཱས་དྲིས་པ་ཁྱོད་སུ་ཡིན། དེས་སྨྲས་པ་ང་ཡང་ཤ་ཝ་རི་པཱ་ཡིན་བྱས་པས། ཁྱོད་ཀྱི་ཡུལ་གང་ནས་ཡིན། ཟེར་བ་ལ། ཐག་རིང་པོ་ན་ཡོད་ཅེས་སྨྲས་སོ། །ཤ་ཝ་རི་པཱས་སྨྲས་པ། ཁྱོད་ཀྱི་མདའ་གཅིག་གི་ཤ་ཝ་དུ་སོད་དྲིས་པས། སྤྲུལ་པས་སྨྲས་པ། སུམ་བརྒྱ་གསོད་བྱས་པས། ཤ་ཝ་རི་པཱ་ན་རེ། འོ་ན་མདའ་དེ་འདྲ་བ་ང་ལ་ཡང་སློབས་ཤིག་ཟེར་བ་ལ། ནངས་པར་སྤྲུལ་པ་དེས་ཤ་ཝ་རི་པཱ་ཁྲིད་དེ་ཐང་ཆེན་པོ་ཞིག་ལ་ཕྱིན་ནས་སྤྲུལ་པའི་ཤ་ཝ་ལྔ་བརྒྱ་ཙམ་བསྟན་ནས། དེ་ཤ་ཝ་རི་པཱས་མཐོང་བ་དང་། སྤྲུལ་པ་ལ་དྲིས་པ། ཁྱོད་ཀྱི་མདས་ཤ་ཝ་དུ་སོད། དེས་སྨྲས་པ། ལྔ་བརྒྱ་པོ་ཐམས་ཅད་སོད། ཤ་ཝ་རི་པཱ་ན་རེ། བཞི་བརྒྱ་བོར་ལ་བརྒྱ་སོད་བྱས་པས། འཕགས་པའི་སྤྲུལ་པས་ཤ་ཝ་བརྒྱ་མདའ་གཅིག་གིས་བསད་ནས། ཤ་ཝའི་རོ་གཅིག་ཤ་ཝ་རི་པཱ་ལ་བསྐུར་བས། དེ་མ་ཐག་པར་ཤ་ཝ་རི་པཱ་ང་རྒྱལ་ཆག་སྟེ། ཁྱིམ་དུ་འོང་ནས་སྤྲུལ་པ་ལ་སྨྲས་པ། དེ་འདྲ་བའི་འཕོང་གི་སྟོབས་དེ་བདག་ལ་སློབས་བྱས་པ་དང་། སྤྲུལ་པས་སྨྲས་པ། དེ་སློབ་པ་ལ་ཟླ་བ་གཅིག་ཤ་མི་ཟ་བ་ཞིག་དགོས་བྱས་པས། དེ་ནས་ཤ་ཝ་རི་པཱས་སེམས་ཅན་ལ་གནོད་འཚེ་སྤངས་སོ། །སྤྲུལ་པས་ཞག་བདུན་ནས་དེའི་གམ་དུ་ཕྱིན་ནས་སྨྲས་པ། ཁྱེད་ཅག་ཞིག་ཅི་ཟོས། དེ་ན་རེ། ཤིང་ཐོག་ཟོས་ཟེར་རོ། །དེ་ནས་སྤྲུལ་པས་སྨྲས་པ། ད་ཁྱེད་ཅག་གི་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་སྒོམས་ཤིག་བྱས་ནས། སྤྲུལ་པ་ཕྱིན་ཏོ། །ཟླ་བ་གཅིག་པོ་ན་དེར་གཤེགས་པ་དང་། ཤ་ཝ་རི་པཱ་ན་རེ། ད་ཤ་བ་གཤོར་བའི་ཆོས་ཤོད་ཟེར་བ་ལ། སྤྲུལ་པས་དེར་མཎྜྻལ་ཞིག་མཛད་ནས་མེ་ཏོག་བཀྲམ་སྟེ། ཤ་ཝ་རི་པཱ་བཟའ་མི་གཉིས་ལ་ལྟོས་ཤིག་དང་གསུངས། དེ་གཉིས་ཀྱིས་བལྟས་པ་དང་། སྤྲུལ་པས་དེ་གཉིས་ལ་ཅི་མཐོང་དྲིས་པའི། དེ་གཉིས་ཀྱི་མཎྜྻལ་གྱི་ནང་དུ་དམྱལ་བ་ཆེན་པོ་བརྒྱད་དང་། ཁོ་རང་གཉིས་ཀྱང་དེར་འཚེད་པ་མཐོང་བས། འཇིགས་ཤིང་སྐྲག་ལ་དངངས་ཤིང་འདར་ནས་སྐད་མ་ཐོན་པ་ན། སྤྲུལ་པས་ཡང་དང་ཡང་དུ་དྲིས་པས། སེམས་ཅན་དམྱལ་བ་འདི་འདྲ་བ་གདའ་ཞུས་པས། སྤྲུལ་པས་ཁྱེད་དེར་སྐྱེ་བ་ལ་མི་འཇིགས་སམ་གསུངས་པས། དེ་དག་ན་རེ། འཇིགས་ལགས་ཏེ། དེ་ལས་ཐར་པའི་ཐབས་མཆིས་ལགས་སམ་ཞུས་པས། དེ་ཡོད་དེ་ཁྱེད་ཀྱིས་སྒྲུབ་ནུས་སམ་གསུངས་པས། ནུས་ཟེར་དེ་ནས་སྤྲུལ་པས་ཤ་ཝ་རི་པཱ་བཟའ་མི་གཉིས་ལ་ཆོས་བཤད་དེ། སྲོག་བཅད་པའི་རྣམ་པར་སྨིན་པས་ནི་སེམས་ཅན་དམྱལ་བར་སྐྱེ་བ་ཡིན་ལ། དེའི་བྱེད་པ་རྒྱུ་མཐུན་ནི་སྲོག་གཅོད་སྙིང་འདོད་པ་ཡིན་ཅིང་། དབང་གི་འབྲས་བུ་ནི་ཚེ་ཐུང་བ་ཡིན་ལ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་གཟི་བརྗིད་ངན་པ་ཡིན་ནོ། །སྲོག་གཅོད་པའི་ལས་སྤངས་པས་བྱང་ཆུབ་ཐོབ་པ་ཡིན་ལ། བྱེད་པ་རྒྱུ་མཐུན་ནི་སྲོག་གཅོད་སྙིང་མི་འདོད་པ་དང་། དབང་གི་འབྲས་བུ་ཚེ་རིང་བ་ཡིན་ལ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་གཟི་བརྗིད་དང་ལྡན་པ་ཡིན་ནོ། །ཞེས་སོགས་མི་དགེ་བ་བཅུའི་ཉེས་དམིགས་དང་། དགེ་བ་བཅུའི་ཕན་ཡོན་བཤད་པས་ཤ་ཝ་རི་པཱ་འཁོར་བ་ལ་སྐྱོ་བ་སྐྱེས་ནས་ཆོས་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་པར་གྱུར་ཏོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གདམས་ངག་གནང་ནས་རི་བོ་དནྟིར་གཤེགས་པ་དང་། ཤ་ཝ་རི་པཱས་ལོ་བཅུ་གཉིས་སུ་རྣམ་པར་མི་རྟོག་པའི་སྙིང་རྗེ་ཆེན་པོ་བསྒོམས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས། སྙིང་རྗེ་ཆེན་པོས་ཆོས་ཉིད་ལས་ལངས་ཏེ། འཕགས་པའི་སྤྱན་ལམ་དུ་ཕྱིན་པ་དང་། འཕགས་པ་ཤ་ཝ་རི་པཱ་ལ་ཡོན་ཏན་གྱི་བསྔགས་པ་དུ་མ་བརྗོད་ནས། རིགས་ཀྱི་བུ། རྩའི་མེ་ཤི་བ་དང་འདྲ་བའི་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ནི་མཆོག་མ་ཡིན་ལ། ཁྱོད་ཀྱིས་སེམས་ཅན་གྱི་དོན་དུ་འཁོར་བར་འདུག་ལ་སེམས་ཅན་བསམ་གྱིས་མི་ཁྱབ་པའི་དོན་གྱིས་ཤིག་ཅེས་གསུངས་པས་ཤ་ཝ་རི་པཱ་རང་གི་ཡུལ་དུ་བྱོན་ནས་བཞུགས་སོ། །མཚན་དུ་དཔལ་ཤ་ཝ་རི་པཱ་ཞེས་པའམ། རྨ་བྱའི་གཤོག་པ་གྱོན་ནས་འདུག་པས་རྨ་བྱའི་གོས་ཅན་ཞེས་པའམ། དུས་རྟག་ཏུ་རི་ལ་བཞུགས་པས་རི་ཁྲོད་མགོན་པོ་ཞེས་ཀྱང་ཟེར་ཏེ་མཚན་གསུམ་དུ་གྲགས་སོ། །སྐལ་པ་དང་ལྡན་པ་རྣམས་ལ་བརྡའ་དང་། མགུར་ལ་སོགས་པས་དོན་མཛད་དེ། བྱམས་པའི་བསྟན་པ་མ་ཤར་གྱི་བར་དུ་སྐུ་འདི་ཉིད་ཀྱིས་འཛམ་བུའི་གླིང་འདིར་བཞུགས་སོ། །གུརུཤཝརིཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact