Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༡༠༽ཙཽརངྒཱཔཱ། Mahāsiddha Cauraṅgipa

༈གུརུཙཽརངྒ་པཱའི་ལོ་རྒྱུས་ནི། གོང་དུ་བརྗོད་མ་ཐག་པའི་རྒྱལ་བུ་ཡན་ལག་བཅད་ཅིང་ཤིང་རྐང་གཅིག་པའི་དྲུང་དུ་གནས་པ་དེ་ཡིན་ལ། དེ་ལ་ཨ་ཅིནྟ་པས་དབང་དང་རླུང་བུམ་པ་ཅན་ལ་སོགས་པ་གནང་། གྲུབ་པའི་དུས་ན་ལུས་ཀྱང་སྔོན་བཞིན་དུ་འགྱུར་རོ། །ཞེས་ལུང་བསྟན་ནས་གཤེགས་སོ། །དེས་ཀྱང་བསྒོམས་པས་ལོ་བཅུ་གཉིས་ལོན་པ་ན། རྒྱལ་པོའི་ཚོང་པ་མང་པོས་གསེར་དངུལ་མན་ཤེལ་ལ་སོགས་པ་རིན་པོ་ཆེ་མང་དུ་ཁྱེར་ནས་འོངས་ཏེ་རྒྱལ་བུ་ཡོད་ས་དེར་ཆོམ་རྐུན་སོགས་བྱུང་དོགས་ཀྱིས་མཚན་མོ་འོངས་ནས་ཤིང་དེའི་རྩ་ནས་མར་ཕྱིན་པ་ན། རྒྱལ་བུ་དེས་ཚོང་པ་རྣམས་ཀྱི་རྐང་པའི་སྒྲ་ཐོས་ནས་སྨྲས་པ། དེ་སུ་ཞིག །ཚོང་པ་དེ་དག་གིས་འདི་ཆོམ་རྐུན་ཡིན་སྙམ་ནས། དེས་ནོར་བཅོམ་ཡོང་བའི་འཇིགས་པས་གཡོ་བྱས་ཏེ། ངེད་རྣམས་སོལ་བྱེད་མཁན་ཡིན་ནོ། །སྨྲས་པ་དང་། རྒྱལ་བུ་དེས། དེ་བཞིན་དུ་གྱུར་ཅིག །ཅེས་སྨྲས་སོ། །དེ་ནས་ཚོང་པ་དེ་རྣམས་རང་གི་གནས་སུ་ཕྱིན་པ་དང་། གསེར་སོགས་དངོས་པོ་རྣམས་སོལ་བར་གྱུར་པ་མཐོང་ནས། ཀུན་ཧ་ལས་ཏེ། འདི་ལྟ་བུར་གྱུར་པ་ནི་ཅི་ཡིན། སྙམ་དུ་སེམས་པར་བྱེད་དོ། །དེ་ནས་དེ་རྣམས་ཀྱི་ནང་ནས་བློ་དང་ལྡན་པ་ཞིག་གིས་སྨྲས་པ། ནུབ་མོ་འོང་དུས་ལམ་དུ་སུ་ཡིན་འདྲི་མཁན་དེ་བདེན་ཚིག་གྲུབ་པ་ཞིག་ཡིན་པ་གོར་མ་ཆག །དེ་འདྲ་བ་དེ་སུ་ཞིག་ཡིན་ལྟར་འདེང་ཟེར་ནས། སླར་དེ་རྣམས་ཀྱིས་དེར་ཕྱིན་པ་ན། ཤིང་གཅིག་གི་དྲུང་ན་ཡན་ལག་བཅད་པའི་མི་དེ་འདུག་པ་མཐོང་ནས། དེ་ལ་སྔར་གྱིས་ལོ་རྒྱུས་རྣམས་བྱས་ཏེ་སླར་བདེན་ཚིག་འདོར་དུ་བཅུག་པས། རྒྱལ་བུ་ན་རེ། ངས་ལན་པ་མིན་ནམ། ཡིན་ན་ཁྱེད་རྣམས་ཀྱི་ནོར་རྣམས་སྔ་མ་ཁོ་ན་ལྟར་གྱུར་ཅིག་ཅེས་བརྗོད་ནས། ཚོང་པ་རྣམས་ལོག་སྟེ་རང་གི་ནོར་རྣམས་སྔ་མ་ཁོ་ན་ལྟར་གྱུར་པར་མཐོང་སྟེ། ཡ་མཚན་སྐྱེས་ནས་རྒྱལ་བུ་དེ་ལ་མཆོད་པའི་ཕྱིར་དེ་ཡོད་སར་ཕྱིན་ནས་ལོ་རྒྱུས་བྱས་པས། རྒྱལ་བུ་དེས་སྔར་གྱི་བླ་མས་ལུང་བསྟན་པ་དེ་དྲན་ཏེ། དེ་ལྟ་ན་བདག་གི་ལུས་ཀྱང་སྔ་མ་ལྟར་གྱུར་ཅིག་ཅེས་བརྗོད་པས། དེ་ལྟར་གྱུར་ཏོ། །དངོས་གྲུབ་ཐམས་ཅད་ཐོབ་ནས་རྫུ་འཕྲུལ་བསྟན་ལ། གདམས་ངག་ལ་གནག་པས་འགྲོ་བ་ལ་གདམས་ངག་ནི་མ་བསྟན། འོན་ཀྱང་ཤིང་ལ་བསྟན་པས་ཤིང་འཆི་མེད་དུ་གྱུར་པས་ད་ལྟ་ཡང་ཡོད་ཟེར་རོ། །འཆི་མེད་བརྙེས་པའི་ཙཽརངྒའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact