Only Dharma. Since 1992
/ Buddhism / Mahasiddhas

༼༩༽གོརཀྵ། Mahāsiddha Nāth Gorakṣa

༈གུརུགོརཀྵཱའི་ལོ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས་ན་རྒྱལ་པོ་ལྷ་སྐྱོང་ཞེས་བྱ་བ་ལ་སྲས་ཤིག་བལྟམས་པ་ལས། དེ་ལོ་བཅུ་གཉིས་ལོན་པ་ན་དེའི་ཡུམ་སྙུང་ནས་འགུམ་པ་ལ་ཐུག་པའི་ཚེ། ཡུམ་གྱི་སྲས་ལ་ཞལ་ཆེམས་གསུངས་པ། སེམས་ཅན་གྱི་བདེ་སྡུག་ཐམས་ཅད་ནི་ལས་དགེ་སྡིག་ལས་འབྱུང་བས་ན། ཁྱོད་སྲོག་ལ་བབ་ཀྱང་སྡིག་པའི་ལས་མ་བྱེད་ཅིག་ཅེས་གསུངས་ནས་ཡུམ་གྲོངས་སོ། །དེ་ནས་ཡབ་རྒྱལ་པོ་ལ་འབངས་རྣམས་ཀྱིས་ཞུས་པས། ཡུལ་གཞན་གྱི་བཙུན་མོ་ཞིག་བཞེས་དགོས་ཟེར་ནས། དེས་ཀྱང་བཙུན་མོ་བཞེས་ནས་ཞག་འགའ་ལོན་པ་ན། རྒྱལ་པོ་ནགས་གསེབ་ཅིག་ཏུ་སྐྱོ་གསང་ལ་གཤེགས་པའི་ཤུལ་དུ། རྒྱལ་མོས་ཁང་བཟང་གི་སྟེང་དུ་ཡོངས་ནས་བལྟས་པས། དེ་ན་རྒྱལ་བུ་བཞུགས་པ་མཐོང་ནས་ཆགས་པ་སྐྱེས་ཏེ། དེར་ཕོ་ཉ་བཏང་ནས་འདིར་གཤེགས་པར་ཞུ་བྱས་པས། རྒྱལ་བུ་དེ་མ་འདོད་པ་དང་། རྒྱལ་མོ་སྐྱེངས་ནས་བསམ་པ། འདིས་ང་ལ་བརྙས་པ་འདི་འདྲ་བྱས། འདི་ལས་དགྲ་སྙིང་ན་བ་མི་ཡོང་བས། འདི་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསད་པར་བྱ་དགོས་སྙམ་ནས། རང་གི་འཁོར་ཀུན་ལ་འདི་གསོད་ཅིག །སྨྲས་པས། དེ་རྣམས་ན་རེ། འདི་བསད་པས་མི་ཡོང་སྟེ། རྒྱལ་པོའི་སྲས་ཀྱི་དམ་པ་ཡིན་ཟེར་བས། མོས་སྒྱུ་བྱས་ཏེ། རང་གི་ལུས་ཐམས་ཅད་བྲད་ནས་ཁྲག་ཕྱུང་། གོས་ཐམས་ཅད་བྲལ་ཏེ་མལ་དུ་ཞུགས་ནས་འདུག་པ་དང་། རྒྱལ་པོ་བྱོན་ནས་བཙུན་མོ་ལ་ཅིས་ཉེས་དྲིས་པས། མོ་ན་རེ། ཉིད་ཀྱི་སྲས་ཀྱི་བདག་གི་ལུས་མ་ལེགས་པ་བྱས་པས་འདི་ལྟར་དུ་གྱུར་ཏོ་ཟེར་ནས། རྒྱལ་པོ་ན་རེ། ཁྱོད་ལ་འདི་འདྲ་བ་བྱས་ན་རྒྱལ་བུ་འདི་གསོད་ཟེར་ཏེ། གཤེད་མ་གཉིས་བསྐོས་ནས་འདི་ནགས་གསེབ་ཏུ་ཁྲིད་ལ་རྐང་ལག་རྣམས་ཆོད་ལ་ཤོག་གསུངས་པས། གཤེད་མ་གཉིས་ཀྱི་བསམ་པ། འདི་གསོད་པ་ནི་མ་ལེགས་ན་རང་གི་བུ་བསད་ནས་འདི་གསོ་དགོས་སྙམ་ནས། རྒྱལ་བུ་ལ་སྨྲས་པ། ཉིད་གསོད་པ་ནི་བདག་གིས་མི་ཕོད་ལ། རང་གི་བུ་ཉིད་ཀྱི་དོན་དུ་གསོད་ཞེས་བྱས་པས། རྒྱལ་བུ་དེ་ན་རེ། དེ་ནི་མི་རུང་སྟེ། བདག་རང་སོད་ཅིག །བདག་གི་མ་ཡི་ཞལ་ཆེམས་སུ་ལུས་དང་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མ་བྱེད་གསུངས་པས། ཡབ་ཀྱིས་ཇི་ལྟར་བཀའ་སྩལ་པ་ལྟར་གྱིས་ཤིག་གསུངས་སོ། །དེ་ནས་ཤིང་རྐང་པ་གཅིག་པའི་ཙར་བསྙལ་ནས། གཤེད་མས་རྐང་ལག་བཅད་དེ་དེ་དག་རང་གི་ཁྱིམ་དུ་སོང་ངོ་། །དེ་ནས་ཕྱོགས་དེར་རྣལ་འབྱོར་པ་ཆེན་པོ་ཨ་ཅིནྟ་བྱ་བ་ཞིག་གིས་རྒྱལ་བུ་དེ་ལ་དབང་བསྐུར་གདམས་ངག་བྱིན་ནས། དེ་ནས་རྒྱང་གྲགས་གཅིག་ཙམ་ན་ཡོད་པའི་བ་རྫི་རྣམས་ཀྱི་ནང་དུ་རྣལ་འབྱོར་པ་དེས་བྱོན་ཏེ། དེ་རྣམས་ལ་ཕ་གིའི་བྱ་རྒོད་ལྡིང་བའི་འོག་ན་ཤིང་རྐང་པ་གཅིག་པའི་དྲུང་ན་མི་ཡན་ལག་བཅད་པ་ཞིག་ཡོད་པས། དེའི་གན་དུ་སུ་འགྲོ་ནུས། གསུངས་པས། དེ་རྣམས་ཀྱི་ནང་ནས་སྤོས་འཚོང་གི་རིགས་ཀྱི་ཁྱེའུ་ཞིག་ན་རེ། བདག་གིས་ནུས་ཟེར་རོ། །འོན་ཀྱང་བདག་གིས་ཉིད་ཀྱི་བྱ་བ་བསྒྲུབ་ཀྱིས་དངོས་ཀྱི་བྱ་བ་ཉིད་ཀྱིས་སྒྲུབས་ཤིག་ཟེར་ནས། བ་ལང་རྣམས་རྣལ་འབྱོར་པ་ལ་གཏད་དེ། བྱ་རྒོད་ལྡིང་བ་མཚན་མར་བྱས་ནས་ཕྱིན་པས། ཤིང་རྐང་གཅིག་པའི་དྲུང་ན་དེ་འདུག་པ་མཐོང་ནས་ལོག་ཕྱིན་ཏེ་རྣལ་འབྱོར་པ་ཨཅིནྟ་ལ་དེ་བཞིན་དུ་འདུག་གོ་བྱས་པས། རྣལ་འབྱོར་པས་བ་ལང་རྫི་ལ་ཁོང་ལ་བཟའ་བཏུང་ཅི་ཡོད་བྱས་པས། བདག་ལ་བ་ལང་འཚོ་བའི་དེད་དཔོན་ཞིག་གིས་ནང་ནུབ་ཁོལ་གྱི་བཟའ་བཅའ་དུམ་རེ་སྟེར་བས་དེའི་ཕྱེད་དེ་ཁོང་ལ་སྐྱེལ་ལོ་ཞུས་པས། དེ་རུང་། ཅོ་རཱངྒ་སྲོལ་ཅིག་གསུངས། ཁོས་ཤིང་དེ་རང་གི་འཁོར་དུ་ལོ་མའི་ཁང་པ་ཕུབ། ཟས་སྦྱིན་ཞིང་མི་གཙང་བའི་ལྗིན་རྫབ་ཐམས་ཅད་ལག་གིས་བླང་ཞིང་བསལ་ཏེ། ལོ་བཅུ་གཉིས་སུ་དེ་ལྟར་བྱས་སོ། །དེ་ནས་དེ་དུས་གཅིག་གི་ཚེ་དེར་ཕྱིན་པས། དེ་ལངས་ནས་འདུག་པ་མཐོང་བས། ངོ་མཚར་ནས་དྲིས་པས། དེའི་ཞལ་ནས། ཐབས་མཁས་བླ་མ་དམ་པ་ཡིས། །དབྱིངས་དང་རིག་པ་ངོ་སྤྲད་པས། །ཆོས་རྣམས་ངོ་བོ་གཅིག་ཏུ་རྟོགས། །བདེ་སྡུག་མེད་པ་ངོ་མཚར་ཆེ། །ཞེས་གསུངས་ནས། དངོས་འདི་བཞིན་དུ་རྐང་པ་ལག་པ་གསར་དུ་སྐྱེས་སོ་ཞེས་གསུངས་ཏེ་བར་སྣང་ལ་འཕགས་ནས་བ་ལང་རྫི་ལ་ངས་གདམས་ངག་སྦྱིན་ནམ། །བྱས་པས། བ་ལང་རྫི་ན་རེ། གདམས་ངག་མི་འདོད། བདག་གི་སློབ་དཔོན་ཞིག་ཡོད་པ་དེས་ཁྱེད་ལ་བསྙེན་བཀུར་གྱིས་གསུངས་ནས་ཉིད་ལ་འདི་ཙུག་བསྙེན་བཀུར་བྱས་པ་ཡིན་ནོ་ཞེས་བྱས་ཏེ། བ་ལང་རྫི་དེ་སླར་ལོག་ནས་བ་ལང་སྐྱོང་གིན་འདུག་པ་དང་། རྣལ་འབྱོར་པ་ཨ་ཅིནྟ་བ་ལང་སྐྱོང་གི་གན་དུ་འོངས་པ་དང་། བ་ལང་རྫིས་སྔར་གྱི་གཏམ་བྱས་པས་ཤིན་ཏུ་དགྱེས་པར་གྱུར་ཏོ། །ཨ་ཅིནྟས་བ་ལང་རྫི་ལ་དབང་བསྐུར་གདམས་ངག་བྱིན་ནས་ཡུལ་གཞན་དུ་གཤེགས་སོ། །བ་ལང་རྫིས་ཀྱང་བསྒོམས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་ཡོད་པའི་ཚེ། བླ་མ་དེར་བྱོན་ནས་སེམས་ཅན་འབུམ་ཕྲག་བརྒྱ་མ་གྲོལ་གྱི་བར་དུ་སངས་མ་རྒྱ་ཞིག །གསུངས་པས། དེས་ཀྱང་སེམས་ཅན་བྱུང་ཚད་ལ་དབང་བསྐུར་བྱས་པས། མ་ཧཱ་དེ་ཝས། ཁྱོད་སེམས་ཅན་བྱུང་ཚད་ལ་དབང་བསྐུར་མ་བྱེད་པར་གང་གསོལ་བ་འདེབས་པ་དེ་ལ་གྱིས། སེམས་ཅན་མ་དད་པ་དང་། ཤེས་རབ་མེད་པ་ལ་མི་རུང་བ་ཡིན་བྱས་པས། དེ་མན་ཆད་ལུང་བསྟན་པ་ལྟར་མཛད་དོ། །གདུལ་བྱ་མང་དུ་སྒྲོལ་ཞིང་བ་ལང་སྐྱོང་བར་བྱེད་པ་ཡིན་པས་མཚན་ལ་གོ་རཀྵཱ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ཤིང་། ད་ལྟ་ཡང་ལས་འཕྲོ་ཡོད་པ་ལ་དབང་བསྐུར་ལ། ལས་དག་པས་དུས་བཟང་ལ་ཌ་མ་རུའི་སྒྲ་ཙམ་ཐོས་ཤིང་། གཞན་གྱིས་ནི་མི་ཐོས་ཤིང་མི་སྣང་བའི་ཚུལ་དུ་བཞུགས་སོ། །གུརུགོརཀྵཱཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact