| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༨༽མཱིན་པཱ། Mahāsiddha Mīnapa
༈གུརུམཱིནཔཱའི་ལོ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས། རིགས་ཉ་པ། བླ་མ་མཧཱ་དེ་ཝ། དངོས་གྲུབ་འཇིག་རྟེན་པའི་དངོས་གྲུབ་ཐོབ་བོ། །དེ་ཡང་རྒྱ་གར་ཤར་ཕྱོགས་ཀཱམརཱུཔའི་ཕ་ཚན་ན་རྒྱ་མཚོ་ཨིཏ་སཱིཏ་བྱ་བ་ན། ཉ་པ་ཀུན་ཉ་གཤོར་ནས་དུས་རྟག་ཏུ་ཚོང་འདུས་སུ་འཚོང་བ་ཡིན་ན། ཉིན་གཅིག་ཉ་པ་གཅིག་གིས་རས་བལ་གྱི་སྲད་བུ་ལ་ལྕགས་ཀྱུ་བཏགས་ནས་དེའི་རྩེ་མོར་ཤ་དང་བཅས་ཏེ་ཆུར་བསྐྱུར་པ་དང་། ཉ་ཆེན་པོ་ཞིག་ཟིན་པས་འཐེན་པ་དང་། ཉས་ཕར་དྲུད་དེ་ཉ་པ་རྒྱ་མཚོར་ནུབ། དེར་ཉ་པ་དེ་ཉ་ཆེན་པོ་ཞིག་གིས་མིད་པ་ལ་ལས་ཀྱི་དབང་གིས་མ་ཤི་བར་ཡོད་པ་ན། དེའི་དུས་སུ་དབང་ཕྱུག་ཆེན་པོ་ལ་ལྷ་མོ་ཨུ་མས་ཆོས་ཞུས་པས། དབང་ཕྱུག་ཆེན་པོ་ན་རེ། ངའི་ཆོས་འདི་གང་རུང་རུང་ལ་བཤད་པ་མ་ཡིན་གྱི་ཤིན་ཏུ་གསང་བ་ཡིན་པས། རྒྱ་མཚོའི་ནང་དུ་ཁང་པ་བརྩེགས་ཤིག་དེར་བཤད་དོ་ཟེར་ནས་དེ་བཞིན་བྱས་སོ། །དེའི་ནང་དུ་ལྷ་མོ་ཨུ་མ་ལ་ཆོས་བཤད་པ་ན། དེའི་དུས་སུ་ཁང་པའི་འོག་ཏུ་ཉ་དེ་འོངས་པ་ལ། ཆོས་ཀྱི་འཕྲོ་ལ་ལྷ་མོ་གཉིད་ལོག་པ་དང་དུས་མཚུངས་ནས། དབང་ཕྱུག་ཆེན་པོས་ལྷ་མོ་ཨུ་མ་ལ་གོའམ་བྱས་པས། ཉ་པས་གོ་ལག་བྱས་ཀྱིན་ཆོས་ཉན་པ་དང་། ཆོས་ཐོན་པ་དང་ལྷ་མོ་གཉིད་སད་དེ། ཆོས་ཤོད་བྱས་པས། དབང་ཕྱུག་ཆེན་པོ་ན་རེ། ངས་ཆོས་བཤད་ཟིན་བྱས་པས། ལྷ་མོ་ན་རེ། དངོས་ཀྱིས་ཆོས་འདི་ཙམ་བར་དུ་ཐོས། དེ་ནས་གཉིད་ཀྱིས་མྱོས་ནས་མ་ཐོས་བྱས་པ་ལ། དབང་ཕྱུག་ཆེན་པོས་འོ་ན་ཐོས་ལགས་ཟེར་བ་དེ་སུ་ཡིན་ཟེར་བ་ལ། ལྷ་མོས་དེ་སྐད་ཟེར་བ་དེ་བདག་མིན་སྨྲས་པས། དབང་ཕྱུག་ཆེན་པོས་མངོན་ཤེས་ཀྱིས་གཟིགས་པས། ཁང་པའི་འོག་གི་ཉའི་ལྟོ་བ་ན་མི་ཞིག་འདུག་པས་དེས་ཆོས་ཉན་པར་མཐོང་ནས། དེའི་བསམ་པ་ལ་འདི་ངའི་སློབ་མར་སོང་བས་དམ་ཚིག་གཅིག་ཡིན་སྙམ་དུ་དགོངས་ནས། དེར་ཉ་པ་ལ་དབང་བསྐུར་ཆོས་བཤད་ནས་ཉ་པ་དེས་ལོ་བཅུ་གཉིས་ཉའི་ལྟོ་བར་སྒྲུབ་པ་བྱས་པ་དང་། དེ་ནས་ཡུལ་ཤྲི་ཏ་པུ་རི་ཞེས་བྱ་བའི་ཉ་པ་ཞིག་གིས་ཉ་ཆེན་པོ་དེ་བཟུང་ནས་བཏོན་ཏོ། །ཉ་པས་བསམ་པ་ལ་ཆེན་པོ་འདི་ལྗིད་ལུགས་ལ་བལྟས་ན་འདི་ཁོག་པ་ན་གསེར་དང་དངུལ་ལ་སོགས་པའི་རྫས་འགའ་བྱུང་ཡང་སྲིད་སྙམ་སྟེ། ཉའི་ལྟོ་བ་བཤགས་པས་དེ་ན་མི་ཞིག་འདུག་པ་ལ། ཁྱོད་སུ་ཡིན། བྱས་པས། དེ་ན་རེ། བདག་ཀྱང་ཉ་པ་ཡིན་པ་ལ་རྒྱལ་པོ་འདི་ཞེས་བྱ་བའི་དུས་སུ་ཉ་འདིར་ཁྱེར་ཏེ་མིད་པ་ཡིན་ཟེར་བ་ལ། མི་ཀུན་གྱིས་རྩིས་པས་ལོ་བཅུ་གཉིས་ལོན་པར་འདུག་པས། མི་ཐམས་ཅད་ངོ་མཚར་སྐྱེས་ཏེ། མིང་དུ་ཡང་རྣལ་འབྱོར་པ་མཱི་ན་པཱ་ཞེས་བྱ་བར་གྲགས་སོ། །དེ་ནས་མི་ཐམས་ཅད་ཀྱིས་མཆོད་པ་དང་། མཱི་ན་པཱས་ས་ལ་གར་བྱས་པས་རྐང་པ་ས་ལ་ནུབ། རྡོའི་སྟེང་དུ་གར་བྱས་པས་ཀྱང་དེ་ལ་འདམ་ལྟར་བྱིང་བས་ཀུན་ངོ་མཚར་སྐྱེས་སོ། །དེ་ནས་མཱི་ན་པཱའི་ཞལ་ནས། །སྔར་བསགས་ལས་ཀྱི་འབྲེལ་བ་དང་། །དུས་འདིར་ཆོས་ལ་མོས་པ་ཡིས། །ཡོན་ཏན་ཕུན་ཚོགས་འདི་ལྟར་བྱུང་། །ཨེ་མ་རང་སེམས་རིན་པོ་ཆེ། །ཞེས་གསུངས། དེ་ནས་ལོ་ལྔ་བརྒྱར་སེམས་ཅན་གྱི་དོན་མཛད་དོ། །མཚན་ཡང་མཱི་ན་པཱ་དང་། རྡོ་རྗེའི་ཞབས། ཨ་ཅིནྟ་པཱ་སྟེ། བསམ་གྱིས་མི་ཁྱབ་པ་གསུམ་དུ་གྲགས་ཤིང་། དང་པོར་འཇིག་རྟེན་གྱི་དངོས་གྲུབ་ཐོབ་ནས་རིམ་གྱིས་ས་ལམ་བགྲོད་དེ། མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུམིནཔཱའི་ལོ་རྒྱུས་རྫོགས་སོ།། །།
