Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༡༤༽གུརུཅམརིཔཱ། Mahāsiddha Cāmāripa

༈གུརུཅམ་རིཔཱའི་ལོ་རྒྱུས་ནི། ཅམརིཔཱ་ཞེས་བྱ་བ་ལྷམ་མཁན་ཏེ། དེའི་ཡུལ་རྒྱ་གར་ཤར་ཕྱོགས། ཝིཥྞཀྵྭན་གར་བྱ་བའི་གྲོང་ཁྱེར་ན། བཟོ་རིག་མི་འདྲ་བ་བཅོ་བརྒྱད་ཚང་བར་ཡོད་པ་ལས། རིགས་ལྷམ་མཁན། དེ་ཝིཥྞཀྵྭན་གར་ན་ལྷམ་གསར་རྙིང་གི་བཟོའི་ལས་བྱེད་ཅིང་། ལས་དེས་རྟག་ཏུ་འདའ་བར་བྱེད་པ་ཡིན་པས། དེའི་གམ་དུ་དགེ་སློང་ཞིག་འོངས་པ་ལ། དེས་ལྷམ་གྱིས་བཟོ་འཕྲོ་བོར་ནས་དགེ་སློང་དེའི་ཞབས་ལ་ཕྱག་བྱས་ཏེ་འབེལ་བའི་གཏམ་ལེགས་པར་བྱས་ནས། བདག་འཁོར་བ་ལ་སྐྱེས་ནས་ཆོས་ཤིག་བགྱིད་སྙམ་པ་ལ། དགེ་བའི་བཤེས་གཉེན་དང་མ་འཕྲད་པས་ད་དུང་ཆོས་སྒོར་མ་ཞུགས། ད་འདི་དང་ཕྱི་མ་གཉིས་ཀ་ལ་ཕན་པའི་ཆོས་ཤིག་ཞུ་ཞེས་ཞུས་པས། ཁྱོད་ཀྱི་ཆོས་སྒྲུབ་ནུས་ན་ངས་སྦྱིན་གྱི་གསུངས་པ་ལ། ལྷམ་མཁན་དེས་དགེ་སློང་ལ་བདག་རིགས་ངན་གྱི་ཁྱིམ་དུ་ཉིད་བཤོས་གསོལ་བར་གནང་ངམ་ཞུས་པས། དགེ་སློང་དེས་དོ་ནུབ་མཚན་ལ་འོངས་ནས་ཟའོ་གསུངས་པས། དེས་ཆུང་མ་སོགས་རང་གི་ཁྱིམ་གྱི་མི་ཀུན་ལ་དགེ་སློང་བྱོན་པའི་བརྡ་སྤྲད་དོ། །དེའི་མཚན་ལ་དེ་དེར་བྱོན་པས། ལྷམ་མཁན་གྱིས་སྟན་བཏིང་སྟེ་ཞབས་བཀྲུ་བ་ལ་སོགས་པ་བྱས་ནས་བཞེས་པ་གྱ་ནོམ་པ་དྲངས། ཆུང་མ་དང་བུ་མོ་ལ་སོགས་པ་ཡོ་བྱད་ཀུན་ཕུལ་ཏེ། བཀུ་མཉེས་ལ་སོགས་པའི་བསྙེན་བཀུར་བྱེད་དུ་གཞུག་པ་ན། དགེ་སློང་དགྱེས་ནས་ལྷམ་མཁན་ཆུང་མ་དང་བཅས་པ་ལ་དབང་བསྐུར། གདམས་ངག་བྱིན་ཏེ། དེ་ཡང་གདམས་ངག་དངོས་ནི། ཉོན་མོངས་རྣམ་རྟོག་ཀོ་བ་དེ། །བྱམས་དང་སྙིང་རྗེའི་སྤང་ནང་དུ། །བླ་མའི་གདམས་པའི་སྙུང་དང་ནི། །ཆོས་བརྒྱད་སྤངས་པའི་རྒྱུས་སྐུད་ཀྱིས། །ཡང་དག་ཉིད་དུ་བརྩེམས་པ་ན། །ལྷུན་གྲུབ་འབྲས་བུའི་ལྷམ་འབྱུང་ངོ་། །ངོ་མཚར་ཆེ་བའི་ཆོས་སྐུའི་ལྷམ། །ལོག་པར་ལྟ་བས་དེ་མི་ཤེས། །དགའ་བ་དང་མི་དགའ་བའི་སྤང་བླངས་མེད་པའི་སྐུད་པ་གྱིས། རྣམ་རྟོག་དང་མཚན་མ་ཐམས་ཅད་ཀོ་བར་གྱིས། སྙིང་རྗེའི་སྤང་ནང་དུ་སྤོངས། བླ་མའི་གདམས་ངག་དང་རང་གི་ཉམས་མྱོང་གི་སྙུང་གིས་ཚེམས་ལ། ལྷུན་འགྲུབ་ཆོས་སྐུའི་ལྷམ་བྱེད་པར་སྒོམས་ཤིག་ཅེས་པའི་གདམས་ངག་ཕོག་པས། ལྷམ་མཁན་དེ་ན་རེ། དེ་ལྟར་བསྒོམས་པ་ལ་རྟགས་ཅི་འབྱུང་། ཞུས་པས། བླ་མའི་ཞལ་ནས། དང་པོར་འཁོར་བ་ལ་སྐྱོ་བའི་རྟགས་འབྱུང་། དེ་ནས་འབྱུང་བ་རྣམས་རིམ་གྱིས་ཆོས་ཉིད་དུ་ཐིམ་པའི་རྟགས་འབྱུང་བ་ཡིན་གསུངས་ནས་རྣལ་འབྱོར་པ་དེ་མི་སྣང་བར་གྱུར་ཏོ། །ལྷམ་མཁན་གྱིས་རང་གི་ཁྱིམ་རྙིངས་སྤངས་ཏེ། དགོན་པར་གནས་པར་བྱས་ནས་བསྒོམས་པས། བླ་མས་གདམས་པ་བཞིན་རྟགས་རིམ་པར་འབྱུང་བ་དང་། དེ་ལ་རྟོགས་པ་འདི་ལྟ་བུ་སྐྱེས་ཏེ། རྩ་བའི་ཉོན་མོངས་པ་དྲུག་གཏི་མུག་དང་བཅས་པ་དཔེས་རྟོགས་ནས་བླ་མའི་གདམས་ངག་གི་ལྷམ་གྱོན་ཏེ། མ་རིག་པའི་ས་གཞི་ཐམས་ཅད་ཁྱབ་པར་བྱས་ནས་ལོ་བཅུ་གཉིས་བསྒྲུབས་པས། མ་རིག་པ་སོགས་དྲི་མ་ཐམས་ཅད་དག་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་ལ། ལོ་བཅུ་གཉིས་ཀྱི་བར་དུ་ཉིན་མཚན་མེད་པར་ལྷམ་བཟོའི་དམིགས་པ་དང་། བླ་མའི་མན་ངག་གཉིས་མེད་དུ་བྱས་ནས་བསྒོམས་པས། ལྷམ་བཟོའི་ལས་ཐམས་ཅད་ནི་ཝི་ཤྭ་ཀརྨ་ལ་སོགས་པས་བྱས་པས། ཝི་ཥྞཀྵྭ་ནཱ་གར་བས་ལྷམ་མཁན་སྒོམ་སྒྲུབ་བྱེད་ཡང་མ་ཚོར། ཡོན་ཏན་གྱི་ཚོགས་ཡོད་པ་ཡང་མ་ཤེས་པ་ན། དུས་གཅིག་ཁོ་རང་གི་བཟོ་ལ་མི་གཅིག་བལྟར་འོངས་པས། ལྷམ་མཁན་ནི་མཉམ་པར་བཞག་ནས་འདུག །བཟོ་བོ་ཝི་ཤྭ་ཀརྨས་བྱེད་པར་མཐོང་ནས་ངོ་མཚར་སྐྱེས་ཏེ། གཅིག་གིས་གཅིག་ལ་བརྒྱུད་ནས་མཐར་ཀུན་གྱིས་མཐོང་། དེར་ཐམས་ཅད་འདུས་ཏེ་གདམས་པ་ཞུ་བྱས་པས། བླ་མ་བསྟེན་པའི་ཕན་ཡོན་ལ་སོགས་པ་གསུངས་ལ། ཝིཥྞཀྵྭ་ནཱ་ག་རའི་སེམས་ཅན་ལ་ཆོས་མང་དུ་བཤད་ནས། མིང་དུ་ཡང་རྣལ་འབྱོར་པ་ཅ་མ་ར་པཱ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ཤིང་། འགྲོ་དོན་དཔག་མེད་མཛད་ནས་མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཅམརིཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact