| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༡༥༽གུརུཁདྒཔཱ། Mahāsiddha Khaḍgapa
༈གུརུཁདྒཔཱའི་ལོ་རྒྱུས་ནི། ཁདྒ་པཱ་བྱ་བ་ནི་རལ་གྲི་པཱ་ཞེས་བྱ་བ་ཡིན་ལ། ཡུལ་མ་ག་དྷཱ་པ། རིགས་དམངས་རིགས། བླ་མ་ཛོ་ཀི་ཡོ་གི་ཅརྤ་ཏྲི། དངོས་གྲུབ་ནི་ཐུན་མོང་གི་རལ་གྲིའི་དངོས་གྲུབ་ཐོབ་པའོ། །དེ་ཡང་ཡུལ་མ་ག་དྷ་ན་ཞིང་ལས་ཀྱིས་འཚོ་བའི་ཁྱིམ་པ་ཞིག་གིས་ཕའི་ལས་བོར་ནས་རྐུ་བའི་ལས་དུས་རྟག་ཏུ་བྱེད་པས། ཉིན་མཚན་དུ་རྐུ་བའི་བསམ་པ་རྩེ་གཅིག་ཏུ་གྱུར་པ་དང་། དུས་གཅིག་ན་ཁྱིམ་བདག་རྐུན་མ་དེས་མ་ག་དྷའི་གྲོང་ཁྱེར་དུ་རྐུར་ཕྱིན་པས་ཅི་ཡང་མ་ཐོབ་སྟེ་དུར་ཁྲོད་ཅིག་ནས་ཚུར་འོངས་པ་དང་། དུར་ཁྲོད་དེར་ཛོ་ཀི་ཡོ་གི་ཅརྤ་ཏྲི་བྱ་བ་དང་འཕྲད་ནས་ཉིད་འདི་ན་ཅི་མཛད་ཀྱིན་བཞུགས། ཞེས་ཞུས་པས། འཁོར་བའི་སྐྱེ་འཆིས་འཇིགས་ནས་འདི་ན་སྒོམ་བྱེད་ཅིང་འདུག་པ་ཡིན་བྱས་པས། རྐུན་མ་ན་རེ། སྒོམ་བྱས་པས་འབྲས་བུ་ཅི་འོང་བ་ཡིན། ཟེར་བས། ཛོ་ཀིའི་ཞལ་ནས་བསྒོམས་པའི་འབྲས་བུ་ནི་མངོན་ཀྱང་ཆོས་མི་བྱེད་དམ། གསུངས་པས། དེ་ན་རེ། ཆོས་ལ་མོས་ལྟ་མོས་ཏེ། དུར་ཁྲོད་དུ་སྒོམ་བྱེད་ཀྱིན་འདུག་པའི་ལོང་མེད། དུས་རྟག་ཏུ་རྐུ་བའི་ལས་བྱེད་པས་རྒྱལ་པོའམ་བློན་པོའམ་ཁྱིམ་བདག་ལ་སོགས་པའི་རྫས་རེ་ཞིག་བརྐུས་ནས་ཐོབ་སྲིད་ཀྱང་རྫས་ཀྱི་ཕྱི་ནས་དེ་ཀུན་དང་འཐབ་རྩོད་འབྱུང་བས་དེ་ཀུན་གྱིས་མི་ཐུབ་པའི་དངོས་གྲུབ་ཅིག་ཞུས་བྱས་པས། རྣལ་འབྱོར་པས་རྐུན་མ་ལ་དབང་བསྐུར་གདམས་ངག་བྱིན་ཏེ། དེ་ཡང་མ་ག་དྷཱའི་གྲོང་ཁྱེར་ན་གཽ་རི་ཤཾ་ཀ་ར་ཞེས་བྱ་བའི་ཕྱི་མཆོད་རྟེན་ནང་ལྷ་ཁང་ནང་ན་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བྱིན་རླབས་ཅན་ཞིག་བཞུགས་ཀྱི། དེ་ལ་ཁྱོད་ཀྱིས་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་གི་བར་ལ་ཉིན་མཚན་ཀུན་ཏུ་ས་ལ་མ་འདུག་པར་བསྐོར་བ་གྱིས། ཟས་ཀྱང་སློང་ལ་ཟོ་ཞིག །སྐུའི་ཞབས་ཀྱི་འོག་ནས་སྦྲུལ་ཞིག་འོང་བར་མཐོང་ན་མ་འཇིགས་པར་མགོ་ནས་བཟུང་ཞིག་དང་། ཁྱོད་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ། །ཞེས་གདམས་ངག་བྱིན་ནས་སྒྲུབ་ཏུ་བཅུག་གོ །རྐུན་མ་དེས་ཀྱང་རྣལ་འབྱོར་པས་བྱིན་པའི་གདམས་ངག་ཉམས་སུ་བླངས་ཏེ་དེ་བཞིན་དུ་སྒྲུབ་པ་བྱས་པས། ཞག་ཉི་ཤུ་རྩ་གཅིག་ནས་སྤྱན་རས་གཟིགས་ཀྱི་ཞབས་འོག་ནས་སྦྲུལ་ནག་པོ་ཆེན་པོ་ཞིག་བྱུང་ནས་དེའི་མགོ་ནས་གཟུང་བས། སྦྲུལ་རལ་གྲིར་སོང་བས་ཡེ་ཤེས་ཀྱི་རལ་གྲི་འོད་དང་བཅས་པ་ཞིག་ལག་ཏུ་ཐོབ་སྟེ། རྐུན་མའི་སེམས་ཀྱི་དྲི་མ་དག་སྟེ། རལ་གྲིའི་དངོས་གྲུབ་ཐོབ་པས། མིང་དུ་ཡང་རྣལ་འབྱོར་པ་ཁངྒ་པཱ་ཞེས་བྱ་བར་གྲགས་ལ། ཐུན་མོང་གི་དངོས་གྲུབ་བརྒྱད་ལས་རལ་གྲིའི་དངོས་གྲུབ་ཀྱང་ཐོབ་བོ། །ལུས་ངག་ཡིད་གསུམ་གྱི་འཁྲུལ་པའི་དྲི་མ་ཐམས་ཅད་དག་ནས་མ་ག་དྷ་བའི་སེམས་ཅན་ཐམས་ཅད་ལ་ཞག་ཉི་ཤུ་རྩ་གཅིག་ཏུ་ཆོས་བསྟན། མཐར་རྟོགས་པ་བརྗོད་པ་ཡང་གསུངས་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཁངྒཔཱའི་ལོ་རྒྱུས་རྫོགས་སོ།། །།
