| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༡༦༽ནཱགཱརྫུན། Mahāsiddha Nāgārjuna
༈གུརུནཱགཱརྫུན་སྟེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལོ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས་ཀཱཉྩྨི་ཞེས་བྱ་བའི་བྱེ་བྲག་ཀཧོར་བྱ་བ་ཡིན་ལ། རིགས་བྲམ་ཟེ། དངོས་གྲུབ་སྒྲོལ་མ་ལས་ཐོབ་པ་ཡིན་ནོ། །དེ་ཡང་ཀཧོར་ན་གྲོང་ཁྱེར་ཁྲི་ཕྱེད་དང་གཉིས་ཡོད་པ། ཀུན་ལ་འཇོམས་པ་དང་འཕྲོག་པ་བྱས་པས། བྲམ་ཟེ་ཀུན་འདུས་ནས་འདིས་འོ་སྐོལ་ཐམས་ཅད་ལ་མི་འཚམས་པ་བྱས་པས། འདི་དང་འཐབ་པ་ལས་ཡུལ་གཞན་དུ་འཁྱམས་འགྲོ་བ་དྲག་ཅེས་གྲོས་བྱས་པའི་གཏམ་དེ་སློབ་དཔོན་གྱིས་གསན་ནས་བྲམ་ཟེ་ཀུན་ལ་མི་བཏང་ནས་ཁྱེད་རྣམས་ཡུལ་གཞན་དུ་མ་འགྲོ་ཞིག་ཡུལ་གཞན་དུ་སྡུག་བསྔལ་བར་འོང་བས། ཁྱེད་ཅག་ཀུན་ཁོ་བོའི་རྫས་འདི་རྣམས་ཁྱེར་ཅིག་གསུངས་ནས་ནོར་ཐམས་ཅད་སྦྱིན་པ་བཏང་ནས། སློབ་དཔོན་ཀཧོར་ནས་བྲོས་ཏེ་བསིལ་བ་ཚལ་གྱིས་ཕ་རོལ་ནཱལནྡཱ་ར་བྱོན་ནས་རབ་ཏུ་བྱུང་སྟེ། རིག་པའི་གནས་ལྔ་ལ་སྦྱངས་པས། མཁས་པའི་མཐར་ཐུག་པར་གྱུར་ཏོ། །དེ་ནས་བཤད་པ་ལ་སྐྱོ་ནས་སྒྲུབ་པ་མཛད་པས་སྒྲོལ་མའི་ཞག་གཟིགས་ཏེ། དཔལ་ནཱ་ལཱནྡཱ་པའི་ཆོས་སྐོར་དགེ་འདུན་བརྒྱ་ཕྲག་བཞུགས་པའི་འཚོ་བ་དང་། གནས་སྤངས་ཏེ་ཡུལ་གཞན་དུ་བྱོན་ནས་གྲོང་ཁྱེར་གཅིག་ཏུ་བསོད་སྙོམས་མཛད། སླར་རང་གི་གནས་སུ་ལོག་ནས་བདག་གི་བསམ་པ་འདི་འདྲ་བས་སེམས་ཅན་གྱི་དོན་མི་འགྲུབ་པས། ཡོན་ཏན་ཐོབ་པར་བྱས་ཏེ་འགྲོ་དོན་བྱ་སྙམ་དུ་དགོངས་ནས། རྒྱལ་པོའི་ཁབ་ཏུ་ཕྱིན་ནས་འབྱུང་པོ་ཁྱུ་མཆོག་གི་འབྱུང་མོ་བཅུ་གཉིས་ཀྱི་བཟླས་པ་བྱས་པས། ཞག་དང་པོ་ལ་ས་གཡོས། གཉིས་པ་ལ་ཆུ་བརྡོལ། གསུམ་པ་ལ་མེ་འབར། བཞི་པ་ལ་རླུང་ལངས། ལྔ་པ་ལ་མཚོན་གྱི་ཆར། དྲུག་པ་ལ་རྡོ་རྗེའི་ཆར། བདུན་པ་ལ་དངོས་སུ་འབྱུང་མོ་ཀུན་འདུས་ནས་བར་གཅོད་བྱས་པ་ལ། སློབ་དཔོན་གྱི་ཐུགས་དམ་ལ་གཡོ་བ་མེད་པས། བར་གཅོད་མ་ཚུགས་པ་དང་། གནོད་སྦྱིན་མོ་ཀུན་འོངས་ནས་ཁྱེད་ལ་ཅི་དགོས། ངེད་ཀྱིས་སྦྱིན་ཟེར་བ་ལ། གཞན་མི་དགོས་ངའི་འཚོ་བ་སྦྱོར་ཅིག་གསུངས་པས། དེ་རྣམས་ཀྱིས་འབྲས་ཕུལ་བཞི་དང་ཚོད་མ་ལྔ་རྟག་ཏུ་སྟེར་བ་དེ་བཞེས་ཀྱིན་སློབ་དཔོན་གྱིས་ལོ་བཅུ་གཉིས་སྒྲུབ་པ་མཛད་པས་འབྱུང་མོ་བརྒྱ་རྩ་བརྒྱད་དབང་དུ་འདུས་ནས། འགྲོ་དོན་བྱ་སྙམ་སྟེ། རི་གྷན་དྷཱ་ཤི་ལ་བྱོན་ནས་རི་དེ་གསེར་དུ་བསྒྱུར་ནས་འགྲོ་དོན་བྱ་སྙམ་སྟེ་རི་དེ་དང་པོར་ལྕགས་སུ་བྱས། དེ་ནས་ལྕགས་ཟངས་སུ་བྱས་ཙ་ན། འཕགས་པ་འཇམ་དཔལ་གྱི་ཞལ་ནས། འདི་ལ་སེམས་ཅན་ཀུན་རྩོད་པ་ཆེན་པོ་འབྱུང་བས་སྡིག་པ་གསོག་པར་འོང་། གསུངས་ནས་འཕྲོ་བཅད་དེ་བོར་བས། གྷན་དྷ་ཤི་ལ་དེ་ད་ལྟ་ཡང་ཟངས་མདོག་སྨུགས་པོར་ཡོད། དེ་ནས་ལྷོ་ཕྱོགས་དཔལ་གྱི་རི་བོར་བྱོན་པའི་ལམ་བར་དུ་གཙང་པོའི་འགྲམ་ཞིག་ཏུ་ཕྱིན་པ་ན། བ་ལང་རྫི་དུ་མ་དང་འཕྲད་ནས་ཆུའི་ལམ་དྲིས་པ་ན། དེ་རྣམས་ཀྱིས་ལམ་ངན་པ་ཆུ་སྲིན་དང་། ངམ་གྲོག་ཅན་གྱི་མི་བདེ་བའི་ལམ་བསྟན་པ་དང་། བ་ལང་རྫི་གཞན་ཞིག་འདུག་པ་དེ་འོངས་ནས་ལམ་འདི་ལེགས་པ་མ་ཡིན། ལམ་འདི་ནས་གཤེགས་ཟེར་ནས་དེས་སློབ་དཔོན་ཁུར་ནས་ཕྱིན་པས། ཆུའི་དཀྱིལ་དུ་སློབ་དཔོན་གྱིས་སྤྲུལ་པའི་ཆུ་སྲིན་ལ་སོགས་པའི་འཇིགས་པ་སྣ་ཚོགས་བསྟན་པས། བ་རྫི་ན་རེ། བདག་མ་ཤིའི་བར་དུ་མ་འཇིགས་ཤིག །ཟེར་བས། སློབ་དཔོན་གྱིས་སྤྲུལ་པ་བརཏལ་ཏེ་སྐམ་སར་ཕྱིན་པ་དང་། སློབ་དཔོན་གྱིས་འཕགས་པ་ཀླུ་སྒྲུབ་ཡིན་ཏེ་ཁྱོད་ཀྱིས་ངོ་ཤེས་སམ། གསུངས་པ་ལ། དེ་ན་རེ། གཏམ་ནི་ཐོས་ངོ་མི་ཤེས་ཞུས་སོ། །སློབ་དཔོན་གྱིས་བ་ལང་རྫི་དེ་ལ་ཁྱོད་ཀྱིས་ང་ཆུ་ལས་བསྒྲལ་བའི་བརྔན་པ་ཅི་དགོས་པ་སྟེར་བ་ཡིན་གསུངས་པས། བ་ལང་རྫི་ན་རེ། བདག་རྒྱལ་པོ་འོང་བའི་ཐབས་ཤིག་ཞུ་ཟེར་བ་ལ། སློབ་དཔོན་གྱིས་ཕྱོགས་དེ་ན་ཤིང་སཱ་ལའི་སྡོང་པོ་གཅིག་ཡོད་པ་ལ་ཆུ་གཏོར་བས། ཤིང་དེ་དེ་མ་ཐག་གླང་པོ་ཆེར་གྱུར་ནས་རྒྱལ་པོའི་ཞོན་པ་བྱས། དམག་ཚོགས་དགོས་ཞུས་པས་གླང་ཆེ་མཁུན་པ་ན་དམག་འོང་བ་ཡིན་གསུངས་པ་དེ་བཞིན་དུ་བྱུང་སྟེ། རྒྱལ་པོའི་མིང་སཱ་ལ་བྷན་དྷ་ཞེས་བྱ་ལ། བཙུན་མོའི་མིང་སིན་དྷི་ཞེས་བྱ་བར་གྱུར་ཏོ། །གནས་གྲོང་ཁྱེར་བྷ་ཧི་ཏན་ཞེས་བྱ་བའི་ཡུལ་ཁྱད་པར་དུ་འཕགས་པ་ཞིག་གྲུབ་སྟེ། རྒྱལ་པོ་ལ་ཁྲལ་འཇལ་བའི་གྲོང་ཁྱེར་འབུམ་ཚོ་བརྒྱད་ཅུ་རྩ་བཞི་ལ་དབང་བྱེད་པའི་རྒྱལ་པོར་བྱས་ནས། སློབ་དཔོན་ལྷོ་ཕྱོགས་དཔལ་གྱི་རི་ལ་བྱོན་ནོ། །དེར་སློབ་དཔོན་སྒོམ་སྒྲུབ་མཛད་ཀྱིན་ཡུན་རིང་དུ་བཞུགས་པ་ལ། རྒྱལ་པོ་ས་ཱལ་ཝཱ་ཧ་ནས་བླ་མ་དྲན་ཏེ་དཔལ་གྱི་རི་བོར་འོངས་ནས། སློབ་དཔོན་ལ་ཕྱག་དང་བསྐོར་བ་བྱས་ཏེ། རྒྱལ་པོས་སློབ་དཔོན་ལ་ཞུས་པ། རྒྱལ་སྲིད་ནི་མནོག་ཆུང་ལ་ཉེས་པ་ཆེ་བར་འདུག་པས་བདག་མི་དགོས། བདག་སློབ་དཔོན་གྱི་སྤྱན་སྔར་སྡོད་པ་ལགས་ཞུས་པས། སློབ་དཔོན་གྱིས། རྒྱལ་སྲིད་མ་བསྐྱུར་བར་རིན་པོ་ཆེའི་ཕྲེང་བ་ལ་སློབ་དཔོན་གྱིས་ལ་རྒྱལ་སྲིད་སྐྱོངས། དུས་མ་ཡིན་པ་འཆི་བའི་འཇིགས་པ་མེད་པའི་བཅུད་ལེན་སྦྱིན་ཀྱི་གསུངས་པས། རྒྱལ་པོ་ན་རེ། སློབ་དཔོན་དང་ལྷན་ཅིག་ཏུ་འདུག་པའི་སྐབས་ཡོད་ན་རྒྱལ་སྲིད་དང་བཅུད་ལེན་དགོས། དེ་ལྟར་མ་ཡིན་ན་མི་དགོས། ཞེས་ཟེར་ནས་འགྲོར་མ་འདོད་པར་དེ་ཉིད་དུ་གནས་པར་གྱུར་པ་ན། དེ་ལ་སློབ་དཔོན་གྱིས་གདམས་པ་གནང་སྟེ། རང་ཡུལ་དུ་བཅུད་ལེན་བསྒྲུབས། ལོ་བརྒྱའི་བར་དུ་རྒྱལ་སྲིད་བཟུང་སྟེ་གནས་སོ། །དེའི་བར་འགྲོ་བ་རྣམས་འབྱོར་པ་དང་ལྡན། རིའི་བྱ་དང་རི་དྭགས་ཀུན་ཀྱང་བདེ་བར་འཚོ་བ་ལས་ལོ་བརྒྱ་ན་སློབ་དཔོན་གྱིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་ལ། བདུད་དགའ་རབ་དབང་ཕྱུག་ཕྲག་དོག་སྐྱེས་ནས་བར་ཆད་ཀྱི་ལྟས་བཀྲ་མི་ཤིས་པ་སྣ་ཚོགས་བྱུང་སྟེ། ཉི་ཟླའི་སྣང་བ་མེད་པ་མོག་མོག་པོར་གྱུར་པ་དང་། ཤིང་ཐོག་ཐམས་ཅད་རང་བཞིན་གྱིས་འབྲུལ་བ་དང་། ཆར་ཆུ་དུས་སུ་མ་བབས་པས་སྲོག་ཆགས་རྣམས་མུ་གེས་གཟིར་བ་དང་། ནད་དང་མཚོན་གྱི་བསྐལ་པ་དར་བ་དང་། རྒྱལ་པོ་སཱ་ལ་ཝཱ་ཧན་འདི་སྙམ་སྟེ། འདི་དག་ནི་གཞན་མ་ཡིན་ཏེ་ངའི་བླ་མ་ལ་གནོད་པའི་ལྟས་ཡིན་སྙམ་རང་གི་སྲས་ཙན་ཊི་ཀུམཱར་བྱ་བ་ལ་རྒྱལ་སྲིད་བྱིན་ཏེ། འཁོར་ཉུང་ཟད་ཅིག་དང་བཅས་ཏེ་དཔལ་གྱི་རི་བོར་སློབ་དཔོན་གྱི་སྤྱན་སྔར་ཕྱིན་པ་དང་། བླ་མས། བུ་དོན་ཅི་ལ་འོངས་དྲིས་པ་ལ། རྒྱལ་པོ་ན་རེ། བདག་དང་སེམས་ཅན་སྐལ་བ་ཟད་གྱུར་ཏམ། །རྒྱལ་བའི་བསྟན་པ་ཉམས་པར་གྱུར་ཏམ་ཅི། །ནག་པོའི་ཕྱོགས་རྣམས་རྒྱལ་བ་གྱུར་པ་འམ། །ཐུགས་རྗེ་ཆེན་པོ་ཟླ་བ་ལྟར་དཀར་ལ། །ཆར་སྤྲིན་དང་འདྲའི་བདུད་ཀྱིས་བསྒྲིབས་སམ་ཅི། །རྡོ་རྗེ་ལྟ་བུའི་བླ་མ་དམ་པ་ལ། །འདུས་བྱས་རང་བཞིན་བྱུང་ངམ་སྡིག་ལྟས་རྣམས། །འབྱུང་བས་བདག་ནི་འདིར་ནི་མཆིས་པ་ལགས། །ཐུགས་རྗེ་ཆེན་པོས་དགོངས་ལ་བྱིན་གྱིས་རློབས། །ཞེས་ཞུས་པས། སློབ་དཔོན་གྱིས་གསུངས་པ། སྐྱེས་པ་ཐམས་ཅད་འཆི་བ་ཡིན། །འདུས་པ་ཐམས་ཅད་བྲལ། བསགས་པ་ཐམས་ཅད་འཛད། འདུས་བྱས་ཀྱི་མཐའ་ཐམས་ཅད་མི་རྟག་པ་ཡིན་ན་དེ་ལ་མི་དགའ་བ་ཅི་ཡོད། ཁྱོད་རང་བཅུད་ལེན་ཁྱེར་ལ་སོང་ཞིག་གསུངས་པས། དེ་ན་རེ། བླ་མའི་རྩར་བཅུད་ལེན་ཟ་ཡིན་འདུག་ན་འདུག །བླ་མ་མི་བཞུགས་ན་བདག་ལ་བཅུད་ལེན་མི་དགོས་ཟེར་ནས་དེར་འདུག་གོ །དེ་ནས་སློབ་དཔོན་འཕགས་པས་དངོས་པོ་ཐམས་ཅད་སྦྱིན་པར་བཏང་བ་ལ། ལྷ་ཚངས་པས་བྲམ་ཟེ་ཞིག་ཏུ་སྤྲུལ་ནས་དབུ་བསླངས་པས། སློབ་དཔོན་གྱིས་ཀྱང་སྟེར་བར་ཞལ་གྱིས་བཞེས་པ་དང་།འདིའི་མ་དཔེ་ཀུན་ཏུ་མཐུན་པར་ཚངས་པའི་སྤྲུལ་པ་བྲམ་ཟེ་ཞིག་གིས་སློབ་དཔོན་གྱི་དབུ་བསླངས། ཞེས་བྱུང་ལ། པད་དཀར་ཆོས་འབྱུང་སོགས་ཆོས་འབྱུང་གཞན་ཀུན་ལས་མཐུན་པར། རྒྱལ་པོ་བདེ་སྤྱོད་ཀྱི་སྲས། གཞོན་ནུ་ནུས་ལྡན་༼འདིར་ཙན་ཌི་ཀུ་མཱ་ར་ཞེས་བཤད་པ་དེས༽ མ་ལས་གོས་སྲུབ་མེད་པ་ཞིག་སྦྱིན་པ་ན། བུས་དེ་མ་གྱོན་པར་བཞག །མས་རྒྱུ་མཚན་དྲིས་པའི་ལན་དུ། རྒྱལ་པོའི་ཁྲི་ལ་འདུག་པའི་དུས་སུ་གྱོན་བྱས་པས། མས་བུ་ལ་རྒྱལ་སྲིད་མི་ཐོབ་པའི་རྒྱུ་མཚན་དུ། དེའི་ཕ་ཀླུ་སྒྲུབ་དང་སྐུ་ཚེ་མཉམ་ཚུལ་དང་། སློབ་དཔོན་བྱང་ཆུབ་སེམས་དཔའ་ཡིན་པས། དེའི་དབུ་ལེན་དགོས་ཚུལ་སོགས་སྨྲས་པ་རྒྱུ་མཚན་དུ་བྱས་ཏེ། རྒྱལ་བུ་གཞོན་ནུ་ནུས་ལྡན་ཉིད་ཀྱིས་སློབ་དཔོན་གྱི་དབུ་བསླངས་པར་བཤད་དོ། །རྒྱལ་པོ་སཱ་ལ་ཝཱ་ཧན་སློབ་དཔོན་འགྲོངས་པའི་སྡུག་བསྔལ་མ་བཟོད་ནས། སློབ་དཔོན་གྱི་ཞབས་ལ་སྤྱི་བོས་གཏུགས་ཏེ་གྲོངས་སོ། །མི་ཐམས་ཅད་ཀྱང་བྲམ་ཟེ་དེ་ལ་ཁ་ཟེར་བར་བྱེད་དོ། །དེའི་དུས་སུ་སློབ་དཔོན་གྱིས་དབུ་བྱིན་པས་གཞན་གང་གིས་ཀྱང་མ་ཆོད་པ་ན་རྩ་ཀུ་ཤ་གཅིག་གིས་རང་གི་དབུ་བཅད་ནས་ཚངས་པ་བྱིན་ནོ། །དེ་ནས་ཤིང་ཐམས་ཅད་ཀྱང་སྐམས། མི་ཐམས་ཅད་ཀྱི་བསོད་ནམས་ཀྱང་འགྲིབས་སོ། །སྔོན་གྱི་གནོད་སྦྱིན་མོ་འདིར་སྔར་གྱི་གནོད་སྦྱིན་མོ་བརྒྱད་ཅེས་འབྱུང་ཡང་། དོན་ནི་སྔོན་འབྱུང་པོ་ཁྱུ་མཆོག་གི་འབྱུང་མོ་བཅུ་གཉིས་ཀྱིས་འཚོ་བ་སྦྱར་ནས་བསྒྲུབས་སྐབས་གྲུབ་པའི་འབྱུང་མོ་བརྒྱ་རྩ་བརྒྱད་པོ་དེ་རྣམས་ཡིན་ནོ། །བརྒྱད་ཀྱིས་སློབ་དཔོན་གྱི་སྐུ་ལུས་བསྲུང་ནས་ད་ལྟ་ཡང་ཡོད་དོ། །བླ་མའི་གདུང་འཚོབ་ཏུ་ཀླུའི་བྱང་ཆུབ་བཞུགས་བླ་མའི་གདུང་ཚོབ་ཏུ་ཀླུ་བྱང་བཞུགས་པར་བཤད་པ་ནི། གསང་འདུས་འཕགས་ལུགས་པ་རྣམས་ཀྱིས་བཞེད་པ་དང་། སྔགས་ལུགས་སུ་སྣང་གི །གཞན་དུ་སློབ་དཔོན་གྱིས་བསྟན་པ་འཕགས་པ་ལྷ་ལ་གཏད་པར་བཤད་དོ། །པའི་འོད་ནུབ་མོ་འཕྲོ་བ་ཟ་རེར་ཙམ་ད་ལྟ་ཡང་ཡོད་དོ། །སློབ་དཔོན་གྱི་སྐུ་ལུས་དེ་རྒྱལ་བ་བྱམས་པའི་བསྟན་པ་ལ་སླར་བཞེངས་ནས་འགྲོ་བའི་དོན་མཛད་གསུངས་སོ། །གུ་རུ་ཀླུ་སྒྲུབ་ཀྱི་ལོ་རྒྱུས་རྫོགས་སོ།། །།
