Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༢༢༽གུརུཏིལླིཔཱ། Mahāsiddha Tilopa

༈གུརུཏིལླིཔའི་ལོ་རྒྱུས་ནི། ཡུལ་ལིཥྞཀྵྭ་ན་ག་ར་བྱ་བ་ན་སློབ་དཔོན་ཏིལླི་པཱ་ཞེས་བྱ་བ་མཁས་པ་ཆེན་པོ་ཞིག་བཞུགས་སོ། །དེས་རྒྱལ་པོའི་མཆོད་གནས་མཛད་དེ། ཉི་མ་རེ་རེ་ལའང་གསེར་ཞོ་ལྔ་བརྒྱའི་སྐུ་འཚོ་མངའ་ཞིང་། འཁོར་སློབ་མ་དཔག་ཏུ་མེད་པ་ལ་ཆོས་འཆད་པ་ལ་སོགས་པས་གཡེང་བའི་ཚེ། དགོངས་པ་ལ་བདག་གི་སྐྱེ་བ་འདི་འདྲ་བའི་དོན་མེད་པས་ཅི་ཞིག་བྱ། སྙམ་ནས་ཡང་ནས་ཡང་དུ་བྲོས་པ་ལ་འཁོར་རྣམས་ཀྱིས་མ་བཏང་སྟེ། ཉིན་གཅིག་སློབ་དཔོན་གྱིས་ཆོས་གོས་བོར་ནས་གོས་ཚེམ་བུ་ཅན་ཞིག་བསྣམས། ཁྱིམ་དུ་ཡི་གེ་བྲིས་ནས་བོར་ཏེ། ང་ད་མི་ལོག་པས་བློག་ཏུ་མ་འོངས་ཤིག་བྱ་བ་བྲིས། ཁོང་གིས་ནུབ་མོ་བྲོས་ནས་གྲོང་ཁྱེར་ཀནཅར་བྱ་བའི་དུར་ཁྲོད་དུ་བཞུགས་ནས་ཟས་བསོད་སྙོམས་བླངས་ཤིང་སྒྲུབ་པ་བྱེད་པའི་ཚེ་ནཱ་རོ་པས་བསོད་སྙོམས་བླངས་ཤིང་བསྙེན་བཀུར་བྱས་ལ། དེས་འཚོ་བ་མཛད་དེ་བསྒྲུབས་པས་ལོ་བཅུ་ན་དྲི་མ་མ་ལུས་པ་དག་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། ལྷ་ཡུལ་དུ་བྱོན་ནས་ལྷས་ཞལ་ཟས་ཀྱི་བསྙེན་བཀུར་བྱས་ལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པས་ཕྱོགས་ཐམས་ཅད་དུ་ཏིལླི་ལོ་པཱ་བྱ་བར་གྲགས། དེས་གདུལ་བྱ་དཔག་ཏུ་མེད་པ་ལམ་ལ་བཀོད་ནས་འགྲོ་དོན་མཛད། མཐར་སྐུ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཏིལླི་པཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact