| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༡༩༽གུརུཐཀནཔཱ། Mahāsiddha Thaganapa
༈གུརུཐཀནཔཱ་ཞེས་པ་རྫུན་སྨྲ་བ་ཞེས་བྱ་བ་ཡིན་ལ། དེའི་ལོ་རྒྱུས་ནི་ཡུལ་རྒྱ་གར་ཤར་ཕྱོགས། རིགས་དམངས་རིགས། ལས་ཀྱི་མཐས་འཚོ་བ་ཞིག་ཡིན། དེ་ཡང་དུས་རེ་ཞིག་གི་ཚེ་ན་ཤིང་སྡོང་པོ་ཞིག་གི་སྟེང་དུ་འདུག་ནས་གཞན་ལ་རྫུན་ཇི་ལྟར་སྨྲའམ་སྙམ་པའི་རྟོག་པ་ལ་ཞུགས་པ་དང་། དེའི་གན་དུ་ལེགས་པར་སྦྱངས་པའི་དགེ་སློང་ཞིག་འོངས་ནས། ཁྱོད་དེ་ན་ཅི་བྱེད་ཅིང་འདུག་གསུངས་པ་ལ། དེ་ན་རེ། འཕགས་པ་ཞུ་མ་འཚལ་ལོ། །དགེ་སློང་གི་ཞལ་ནས་ཁྱོད་རྫུན་མ་བྱེད་པར་སྨྲོས་ཤིག་རྫུན་སྨྲས་པར་གྱུར་ན་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བར་སྐྱེ་བ་ཡིན་ལ། བྱེད་པ་རྒྱུ་མཐུན་ནི་རྫུན་སྨྲ་སྙིང་འདོད་པ་དང་། གཞན་ཡིད་མི་ཆེས་པ་ཡིན། དབང་གི་འབྲས་བུ་ནི་ཕྱིས་ལྕེ་ལ་ཞིང་རྨོ་བ་ཡིན་ནོ། །མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི་ཁ་ནས་དྲི་མི་ཞིམ་པ་བྲོ་བ་དང་། ངག་མི་བཙུན་པ་ཡིན། སྐྱེས་བུ་བྱེད་པའི་འབྲས་བུ་ནི་ཞིང་ཚ་སྒོ་ཅན་དང་འབྲས་བུ་མེད་པར་སྐྱེ་བ་ལ་སོགས་པའོ། །གསུངས་པས། སྐྱེས་བུ་དེས་རྫུན་གྱི་རྣམ་པར་སྨིན་པ་སྔར་མ་ཐོས་པ་དེ་ཐོས་པས་འཇིགས་ནས། དེ་ལ་བདེན་པར་སྨྲས་ཏེ། འཕགས་པ། བདག་ནི། ཋཱ་ཀ་ན་པཱ་ཞེས་བྱ་བ་ལགས་ཏེ། དུས་རྟག་ཏུ་རྫུན་གཅིག་ཏུ་སྨྲ་ཞིང་། བདེན་པ་སྐྲའི་རྩེ་མོ་བརྒྱར་བཤགས་པའི་ཆ་ཙམ་ཡང་མི་སྨྲ་བ་ལགས་སོ། །ད་ལྟར་ཡང་རྫུན་ཅི་སྨྲ་སེམས་པ་ལགས་ཟེར་བས། དགེ་སློང་གིས་ཁྱོད་ཆོས་ཤིག་མི་བྱེད་དམ། གསུངས་པས། དེ་ན་རེ། འཕགས་པ་ཆོས་ལྟ་བགྱིད་ལགས་ཏེ། དང་པོ་ནས་རྫུན་ལ་གོམས་པས་དེ་སྤོང་བར་བྱེད་མི་ནུས་ལགས་ཞེས་ཟེར་བ་ལ། དགེ་སློང་དེས་རྫུན་སྨྲས་ཀྱང་མི་སྟོ་བའི་གདམས་ངག་ཡོད་དོ་གསུངས་པས། དེ་དགའ་སྟེ་ཆོས་ཞུ་འཚལ། ཟེར་ནས་དགེ་སློང་གིས། དེའི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་བསྟུན་ནས་རྣ་བའི་ཆུ་ཞུགས་པ་འབྱིན་པའི་གདམས་ངག་བཞིན་དུ་རྫུན་ཉིད་རྫུན་ཀྱི་གཉེན་པོར་བསྒོམ་པའི་གདམས་ངག་གི་སྔོན་དུ་དབང་བསྐུར་ནས་རྒྱུད་ཡོངས་སུ་སྨིན་པར་བྱས་ཏེ། གདམས་ངག་དངོས་ནི་འདི་སྐད་དུ། ཤེས་བྱའི་ཆོས་ཐམས་ཅད་ནི་གདོད་མ་ནས་རྫུན་ཡིན་ལ། ཁྱོད་ཀྱིས་མཐོང་བ་དང་ཐོས་པ་ལ་སོགས་པ་ཡུལ་དྲུག་དབང་པོ་དྲུག་གི་ཉམས་སུ་མྱོང་བ་ཐམས་ཅད་རྫུན་པ་ཡིན་པས། ཁྱོད་ཀྱི་ཐམས་ཅད་རྫུན་གཅིག་པུར་སྒོམས་ཤིག དེ་ཡང་། སྣང་སྲིད་རྫུན་པའི་ཆོས་རྣམས་ལ། །རྫུན་པར་མ་ཤེས་རྫུན་སྨྲ་ཟེར། །ཤེས་དང་ཤེས་བྱ་ཐམས་ཅད་རྫུན། །དེས་ན་ཚོགས་དྲུག་ཡུལ་དྲུག་ཀྱང་། །རྫུན་ཏེ་བདེན་པ་ག་ལ་ཡོད། །རྫུན་ལ་བདེན་པར་ཞེན་པ་ཡི། །བདེན་པས་འཁོར་བའི་སྡུག་བསྔལ་མྱོང་། །ཀྱེ་མ་བྱིན་པ་རྫུན་ཉིད་ལ། །རྫུན་པར་མ་རྟོགས་བདེན་པར་བཟུང་། །དེ་ཡིས་ཟོ་ཆུའི་ཁྱུད་མོ་ལྟར། །ཡང་དང་ཡང་དུ་འཁོར་བར་འཁྱམས། །དེས་ན་ཁྱོད་ཀྱིས་ཆོས་རྣམས་ཀུན། །རྫུན་པ་ཉིད་དུ་ཡང་དག་སྒོམས། །སྒྲ་ཉིད་རྫུན་པ་ཡིན་པ་ལྟར། །གཟུགས་ལ་སོགས་པའང་དེ་བཞིན་ཏེ། །དེར་འཛིན་པ་ཡང་རྫུན་དུ་སྒོམས། །ཞེས་གསུངས་པས། དེས་ཐཱཀན་པས་ཤེས་བྱ་ཐམས་ཅད་རྫུན་དུ་བསྒོམས་པས་ལོ་བདུན་ན་སྣང་སྲིད་ཐམས་རྫུན་དུ་སྣང་བའི་རྟོགས་པ་སྐྱེས་ཏེ། ཆོས་ཐམས་ཅད་རྫུན་པར་རྟོགས་པར་ཡང་དག་གི་ཞེན་པ་ལོག་གོ །དེ་ནས་ཡང་བླ་མ་དེ་བྱོན་ཏེ། ཆོས་ཐམས་ཅད་རྫུན་པར་ཡང་མ་གྲུབ་སྟེ། མ་སྐྱེས་མ་འགག་པས་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་སྒོམས། གསུངས་པས། དེས་ཀྱང་དེ་ལྟར་རྟོགས་སོ། །རྣམ་རྟོག་ལམ་དུ་ལོངས་ནས་གྲུབ་པ་ཐོབ་སྟེ། ཕྱོགས་ཐམས་ཅད་དུ་བླ་མ་ཐཱ་ཀ་ན་ཞེས་གྲགས་ཞིང་། སྐལ་བ་དང་ལྡན་པ་དག་ལ་རྣ་བར་ཆུ་ཞུགས་པ་འབྱིན་པའི་གདམས་པ་བསྟན་ནས། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཐཱཀནཔའི་ལོ་རྒྱུས་རྫོགས་སོ།། །།
