Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༡༨༽གུརུཀཎརིཔཱ། Mahāsiddha Āryadeva

༈གུརུཀཎརིཔཱའི་ལོ་རྒྱུས་ནི། སྐྱེ་གནས་བཞི་ལས་བརྫུས་སྐྱེས་ཡིན། དཔལ་ནཱ་ལནྡཱའི་གཙུག་ལག་ཁང་ནས་ཕར་གཤེགས་ཏེ་རབ་ཏུ་བྱུང་བ་ཐམས་ཅད་ཀྱི་མཁན་པོ་མཛད་ནས་མཁན་བུ་འབུམ་ཡོད་པ་ལས། རང་ཉིད་ཀྱིས་སློབ་དཔོན་མང་པོ་ལས་གདམས་ངག་ཞུས་ཀྱང་རྟོགས་པ་མ་སྐྱེས་ནས། ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ན་སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་གཏམ་ཐོས་ནས། དད་པ་དང་མོས་པ་ཁྱད་པར་ཅན་སྐྱེས་ནས་ལམ་དུ་ཞུགས་ཏེ་ཕྱིན་ཏོ། །རྒྱ་མཚོ་ཆེན་པོ་ཞིག་གི་འགྲམ་དུ་སླེབས་པ་ན་འཕགས་པ་འཇམ་དཔལ་གྱིས་ཉ་པ་ཞིག་ཏུ་སྤྲུལ་ནས་བཞུགས་པ་ཀ་ཎ་རི་པཱས་མཐོང་སྟེ། དེ་ལ་ཕྱག་དང་མཎྜྻལ་ཕུལ་ཏེ། བདག་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ན་སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་སར་འགྲོ་བ་ལགས་པས་བདག་ལ་ལམ་སྟོན་པར་ཞུ་ཞེས་སྨྲས་པ་དང་། དེ་ན་རེ། ཕ་གི་ནགས་འཐུགས་པོའི་ནང་ན་བཅུད་ལེན་སྒྲུབ་ཅིང་བཞུགས་སོ་ཞེས་ལུང་བསྟན་ནས་དེར་ཕྱིན་པས། སློབ་དཔོན་བཅུད་ལེན་གྱི་རྫས་བསགས་ནས་དེ་སྦྱོར་ཀྱིན་བཞུགས་པ་མཐོང་ནས་ཕྱག་བྱས། གསོལ་བ་བཏབ་ནས་རྗེས་སུ་གཟུང་བར་ཞུས་པས། གནང་སྟེ། གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར། གདམས་ངག་བྱིན་ནས་སློབ་དཔོན་གྱི་གམ་དུ་སྒོམ་གྱིན་བཞུགས་སོ། །དེ་ནས་ནགས་དེ་དང་ཧ་ཅང་མི་རིང་བ་ཞིག་ན་གྲོང་ཁྱེར་ཞིག་ཡོད་པ་ལ། དེར་དཔོན་སློབ་གཉིས་ཀ་བསོད་སྙོམས་ལ་བྱོན་པས། ཀ་ཎ་རི་པཱས་བསོད་སྙོམས་ཤིན་ཏུ་ཞིམ་པ་རྙེད་ལ། སློབ་དཔོན་གྱིས་ཞིམ་པ་མ་རྙེད་ནས། སློབ་དཔོན་གྱིས་གསུངས་པ། ཁྱོད་ཀྱི་འདི་ནི་བུད་མེད་ཆགས་ནས་སྟེར་བ་ཡིན་པས་མི་ཞིམ་པ་ཡིན་ནོ། །ཁྱོད་ཀྱིས་ཟས་ཞིམ་པོ་རྙེད་པ་མ་ལེགས། དེ་ཡང་ཤིང་གི་འདབ་མའི་སྟེང་དུ་མ་ལེན་པར་ཁབ་ཀྱི་རྩེ་ལ་ཆགས་པ་དེ་ལོང་གསུངས། དེ་བཞིན་དུ་བྱས་ཏེ་འབྲས་ཆན་རྡོག་མ་གཅིག་བླངས་ཏེ་ཟོས་པས། དེའི་ནང་པར་བུད་མེད་རྣམས་ཀྱིས་བག་ཕྱེ་ལ་ཁུར་བ་བྱས་ནས་དེའི་སྟེང་དུ་བཟའ་བ་ཞིམ་པོ་སྣ་ཚོགས་བཞག་སྟེ། ཁབ་ཀྱི་རྩེ་མོ་ལ་བཀལ་ནས་དྲངས་པས། དེ་བླ་མ་ལ་ཡང་དྲངས། ང་གིས་ཀྱང་གསོལ་བས་བླ་མས་ཞལ་ནས། ཁྱོད་ཀྱི་འདི་ཅི་ཙུག་བྱས་ནས་བླངས་པ་ཡིན་གསུངས། དེ་ན་རེ། བདག་གིས་བླ་མ་རང་གིས་གསུངས་པ་བཞིན་བྱས་ནས་བླངས་པ་ལགས་ཞུས་པས། འོ་ན་ཁྱོད་གྲོང་ཁྱེར་དུ་མ་འགྲོ་བར་ཁང་པའི་ནང་དུ་སྡོད་ཅིག །གསུངས་པས། དེ་བཞིན་བྱས་ཏེ་བསྡད་པ་ན། ཤིང་གི་ལྷ་མོས་ཁང་པའི་ནང་དུ་བཟའ་བ་ཞིམ་པོ་མང་པོ་དྲངས་ཏེ་རང་གི་གཟུགས་དངོས་སུ་བསྟན་ཕྱག་བཙལ་གཏམ་བྱས་སོ། །དེའི་བསོད་སྙོམས་ཀྱང་བླངས་ཏེ་བླ་མ་ལ་དྲངས་པས། ཁྱོད་ཀྱིས་འདི་འདྲ་བ་གང་ནས་རྙེད་གསུངས་པ་ལ། ཤིང་གི་ལྷ་མོས་དྲངས་པ་ཡིན་ཞུས་པས། སློབ་དཔོན་འཕགས་པས་བདེན་ནམ་སད་པའི་ཕྱིར་ཤིང་གི་ལྷ་མོའི་ཅན་དུ་བྱོན་ནས་བལྟས་པས། ལྷ་མོའི་གཟུགས་ནི་དངོས་སུ་མ་མཐོང་། དཔུང་པ་མན་ཆད་ཀྱི་ལག་པ་མཐོང་ནས། དེར་སློབ་དཔོན་གྱིས་ངའི་སློབ་མ་ལ་གཟུགས་དངོས་སུ་སྟོན་ལ། ང་ལ་མི་སྟོན་པ་ཅི་ཡིན་གསུངས་པས། ཤིང་དེ་ལས་སྒྲ་འདི་ལྟ་བུ་བྱུང་སྟེ། ཁྱོད་ལ་ད་དུང་ཉོན་མོངས་པའི་ཆ་ཤས་མ་སྤངས་པར་འདུག་ལ། ཁྱོད་ཀྱི་སློབ་མས་ཉོན་མོངས་པ་མ་ལུས་པ་སྤངས་པས་ང་མཐོང་ངོ་ཞེས་ཟེར་རོ། །དེར་མཁན་སློབ་གཉིས་བཀའ་བགྲོས་ནས་བཅུད་ལེན་གྱི་སྨན་བཟའ་དགོས་ཟེར་ཏེ། སློབ་དཔོན་གྱི་ཀ་ཎ་རི་པཱས་པཱ་བྱ་བ་ཨཱརྻ་དེ་ཝ་ལ་བྱིན། རང་ཉིད་ཀྱི་ཀྱང་གསོལ་ཏོ། །དེ་ནས་ཀ་ཎ་རི་པཱས་ཤིང་སྐམ་པོ་ཞིག་ལ་བཅུད་ལེན་གྱི་སྨན་བྱུགས་པས་ལོ་མ་སྐྱེས་པ་དང་། དེ་སློབ་དཔོན་གྱིས་གཟིགས་ནས་ཅུང་ཟད་བཞད་དེ། ཁྱོད་ཀྱིས་ངའི་བཅུད་ལེན་གྱི་སྨན་ཤིང་ལ་བྱུགས་ན། ད་ངའི་བཅུད་ལེན་ཁྱེར་ལ་ཤོག་གསུངས་པས། ཀ་ཎ་རི་པཱ་ན་རེ། བཞེད་ན་འབུལ་ཟེར་ནས། ཆུ་རྫ་མ་གང་གི་ནང་དུ་རང་གི་དྲི་ཆུ་བཏང་ནས་ཤིང་བུས་དཀྲུགས་པས། བཅུད་ལེན་གྱི་རྫས་སུ་སོང་བས་དེ་ཁྱེར་ནས་སློབ་དཔོན་གྱི་ཐད་དུ་ཕྱིན་ཏེ་ཕུལ་བ་དང་། སློབ་དཔོན་གྱིས་འདི་རེ་མང་གསུངས་ནས་ཤིང་སྐམ་པོ་ལ་གཏོར་བས། དེ་ལས་ལོ་མ་སྐྱེས་སོ། །དེ་ཡང་སློབ་དཔོན་གྱིས་སློབ་མ་ལ་རྟོགས་པ་སྐྱེས་སམ་མ་སྐྱེས་བརྟགས་པ་ཡིན་ནོ། །དེར་རྟོགས་པ་སྐྱེས་པར་གོ་ནས་སློབ་དཔོན་གྱིས་ད་ཁྱོད་འཁོར་བར་མ་འདུག་གཅིག་གསུངས་པས། དེ་ཐོས་པའི་མོད་ལ་བར་སྣང་ལ་གཤེགས་པར་ཆས་པ་ལ། སྔར་ནས་སློབ་དཔོན་ལ་བསྙེན་བཀུར་བྱེད་ཅིང་ཕྱག་ཕྱིར་འབྲངས་པའི་ཤིང་ལྷ་བུད་མེད་ཅིག་ཡོད་པ་ལ། སློབ་དཔོན་གྱིས་ཁྱོད་ཅི་འདོད་ནས་བདག་ལ་ཡུན་རིང་དུ་བསྙེན་བཀུར་བྱེད་པ་ཡིན། ཞེས་སྨྲས་པ་དང་། བུད་མེད་དེས། བདག་ལ་ཅི་ཡང་མི་དགོས་ཀྱི། ཁྱོད་ཀྱི་སྤྱན་ལ་ཆགས་ནས་འགྲོགས་པ་ཡིན་པས་སྤྱན་དགོས་ཟེར་བ་ལ། སློབ་དཔོན་རང་གི་སྤྱན་གཡས་པ་བཏོན་ནས་དེ་ལ་བྱིན་པས། ཕྱོགས་ཐམས་ཅད་དུ་ཨཱརྻ་དེ་ཝ་པ་མིག་གཅིག་པ་ཞེས་གྲགས། ཨཱརྻ་དེ་ཝ་ཀ་ཎ་རིས་དེས་བླ་མ་ཀླུ་སྒྲུབ་ཀྱིས་གདམས་ངག་ཉམས་སུ་བླངས་པས་སེམས་ཀྱི་དྲི་མ་དག །རྒྱུད་ཡོངས་སུ་གྲོལ་ནས་བླ་མའི་གསུང་ཐོས་པ་ཙམ་གྱིས་མོད་ལ་བར་སྣང་ལ་ཤིང་ཏཱ་ལ་བདུན་ཙམ་དུ་འཕགས་ནས་འགྲོ་བ་དུ་མ་ལ་ཆོས་བསྟན་པས་རྒྱུད་ཡོངས་སུ་སྨིན་པར་བྱས་ནས་རང་གི་འོག་ན་བླ་མ་བཞུགས་པ་ལ་རྐང་པ་ནམ་མཁའ་ལ་བསྟན་མགོ་ཐུར་དུ་ཕྱོགས་ནས་ཐལ་མོ་སྦྱར་ཏེ་བླ་མ་ལ་ཕྱག་བྱས་ནས་མེ་ཏོག་གི་ཆར་ཕབ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །སློབ་དཔོན་ཨཱརྻདེཝའམ་གུརུཀཎརིཔཱ་སྟེ་མཚན་གཉིས་ལྡན་དེའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact