| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༢༡༽གུརུཤྱལིཔཱ། Mahāsiddha Śyalipa
༈གུརུཤྱལིཔཱའི་ལོ་རྒྱུས་ནི། ཤྱལིཔཱ་བྱ་བ་སྤྱང་ཀི་པ་བྱ་བ་ཡིན་ལ། དེའི་ཡུལ་ནི་བི་གྷ་པུར་ཡིན་ལ་རིགས་ནི་ལས་ཀྱིས་འཚོ་བའི་དམངས་རིགས་ཡིན། དེ་ཡང་བི་གྷ་པུ་རིའི་གྲོང་ཁྱེར་དེ་དང་ཉེ་བ་ན་དུར་ཁྲོད་གཅིག་ཡོད་ལ། དུར་ཁྲོད་དང་ཉེ་བ་ན་གནས་པའི་སྐྱེས་བུ་ཞིག །མཚན་མོ་དུར་ཁྲོད་ན་སྤྱང་ཀི་ཀུན་ཚོགས་ནས་སྐད་འདོན་པ་ལ་ཤིན་ཏུ་འཇིགས་ནས། ཉིན་མཚན་མེད་པར་མི་དེ་སྤྱང་ཀིའི་འཇིགས་པ་ཡིད་ལ་བྱེད་ཀྱིན་འདུག་གོ །ཉིན་གཅིག་དེའི་གམ་དུ་དགེ་སློང་ཞིག་བྱོན་ནས་བསོད་སྙོམས་བྱས་པས། དེས་དགེ་སློང་དེའི་རྐང་པ་ལ་ཕྱག་བྱས་ནས། གསོང་པོར་སྨྲ་བའི་གཏམ་ལེགས་པར་བྱས་ཏེ། བཞེས་ཆབ་དྲངས་པ་དང་། དགེ་སློང་གིས་སྦྱིན་པའི་ཕན་ཡོན་ཀྱི་ཆོས་བཤད་པས། དེ་ན་རེ། འཕགས་པ་ཉིད་ཀྱི་སྦྱིན་པའི་ཕན་ཡོན་ཀྱི་ཆོས་ཀྱང་ངོ་མཚར་ཆེ་སྟེ། དེ་བས་ཀྱང་མི་འཇིགས་པའི་ཆོས་ཤིག་མངའ་ན་བདག་ལ་དེ་སྦྱིན་པར་མཛོད་ཅིག་ཞུས་པས། དགེ་སློང་གིས་ཁྱོད་འཁོར་བའི་སྡུག་བསྔལ་ལམ་དེ་མ་ཡིན་པ་ཅི་ལ་འཇིགས། བྱས་པས། མི་དེ་ན་རེ་འཁོར་བའི་སྡུག་བསྔལ་གྱི་འཇིགས་པ་ནི་ཐུན་མོང་དུ་ཀུན་ལ་ཡོད་ལ། བདག་ནི་མོས་པ་ཆོད་ཆུང་བས་གནས་དུར་ཁྲོད་དང་ཉེ་བའི་སྟོབས་ཀྱིས་སྤྱང་ཀིའི་སྐད་ཀྱིས་ཉིན་མཚན་དུ་འཇིགས་པ་རྒྱུན་མི་ཆད་པས། དེ་ལ་ཕན་པའི་ཆོས་མཆིས་ན་བདག་བགྱིད་ལགས་སོ་ཞེས་ཞུས་པས། །དགེ་སློང་དེས་འཇིགས་པ་དེ་ལ་ཕན་པའི་སྔགས་དང་གདམས་ངག་ང་ལ་ཡོད་ཀྱི། ཐོག་མར་དབང་བསྐུར་བགྱིས་གསུངས་ནས། དེས་དབང་ཡོན་དུ་གསེར་དངུལ་ལ་སོགས་པའི་རྫས་མང་པོ་ཕུལ་ནས་ཞུས་སོ། །གདམས་ངག་ནི་འཇིགས་པས་འཇིགས་པ་སྤོང་བའི་གདམས་ངག་སྟེ། འདི་ལྟ་སྟེ། ཁྱོད་དགྲ་ལ་སོགས་པ་ལ་མི་འཇིགས། སྤྱང་ཀིའི་སྐད་ལས་འཇིགས་ན། ཁྱོད་ཀྱིས་འཇིག་རྟེན་གྱི་སྒྲ་གྲགས་སོ་ཅོག་ཐམས་ཅད་སྤྱང་ཀིའི་སྐད་དང་དབྱེར་མེད་དུ་ཉིན་མཚན་མེད་པར་སྒོམས་ཤིག །གནས་ཀྱང་དུར་ཁྲོད་དུ་ཁང་བུ་གྱིས་ལ་སྡོད་ཅིག་ཅེས་གདམས་པ་བྱིན་པ་དང་། དེས་ཀྱང་དེ་བཞིན་དུ་བྱས་ཏེ་བསྒོམས་པས། སྒྲ་ཐམས་ཅད་གྲགས་སྟོང་དབྱེར་མེད་དུ་རྟོགས་པའི་ངང་དུ་སྤྱང་ཀིའི་སྒྲའི་འཇིགས་པ་སྟོར་བ་དང་། འཇིགས་པ་རང་གྲོལ་འཇིགས་མེད་བདེ་ཆེན་གྱི་ཉམས་སྐྱེས་ནས་ལོ་དགུར་བསྒོམས་པས། ལུས་སེམས་ཀྱི་དྲི་མ་དག་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་ཏོ། །དེ་ནས་སྤྱང་ཀིའི་རོ་ཞིག་ཕྲག་པ་ལ་ཁུར་ཏེ། སྤྱོད་པ་བྱས་པས། ཕྱོགས་ཐམས་ཅད་དུ་རྣལ་འབྱོར་པ་ཤྱ་ལི་པཱ་བྱ་བར་གྲགས་སོ། །གདུལ་བྱ་ལ་སྣང་སྟོང་དབྱེར་མེད་ཀྱི་གདམས་པ་མང་པོ་བསྟན་ཏེ། མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཤྱ་ལིཔཱའི་ལོ་རྒྱུས་རྫོགས་སོ།། །།
