Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༢༠༽གུརུནཱརོཔཱ། Mahāsiddha Nāropa

༈གུརུནཱརོཔའི་ལོ་རྒྱུས་ནི། ཆང་འཚོང་བའི་རིགས་ཡིན་ལ། རིགས་འཆོལ་ནས་རྒྱ་གར་ཤར་ཕྱོགས་སཱ་ལི་པུ་ཏྲ་བྱ་བར་ཤིང་བཏུས་ནས་འཚོང་བར་བྱེད་པའི་ཚེ། ཝིཥྞཀྵྭནགར་བྱ་བ་ན་ཏིལླི་པ་བྱ་བའི་མཁས་པ་ཆེན་པོ་ཞིག་བཞུགས་བྱ་བའི་གཏམ་ཐོས་ནས། ཤིང་ཁུར་གཅིག་ཀྲྀཥྞསཱརའི་པགས་པ་ལ་བཙོངས་ནས་དེ་གྱོན་ཏེ་རྣལ་འབྱོར་པའི་ཆ་ལུགས་སུ་བྱས་ཏེ། མཐར་གྱི་སློབ་དཔོན་ཏི་ལོ་པ་འཚོལ་དུ་ཕྱིན་པ་དང་། ཝིཥྞཀྵྭནགར་དུ་བྱོན་ནས་དྲིས་པ་ལ། སློབ་དཔོན་བྲོས་ཏེ་གཤེགས་ནས་མེད་ཟེར་བས། ནཱརོ་པས་ཡུལ་ཐམས་ཅད་དུ་བཙལ་ཀྱང་མ་རྙེད་དེ། མཐར་གྱིས་ཡུན་རིང་པོ་ལོན་པ་དང་། ལམ་ཀ་ཞིང་ཏུ་འཕྲད་དོ། །དེ་ནས་ནཱརོ་པ་ཕྱག་དང་བསྐོར་བ་ལ་སོགས་པ་བྱས་ཏེ། བླ་མ་ལ་སྐུ་ཁམས་བདེའམ། ཞེས་སྨྲས་པ་ན། ཏིལོཔཱ་ན་རེ། ཁྱོད་ཀྱི་བླ་མ་ང་མ་ཡིན་ལ། ངའི་སློབ་མ་ཡང་ཁྱོད་མ་ཡིན་ཟེར་ནས། ཁྲོ་ཡིན་བརྡེག་ཏུ་བྱུང་ཡང་སླར་དད་པར་གྱུར་ཏེ། རྫ་མའི་ནང་དུ་བསོད་སྙོམས་བླངས་ནས་བླ་མ་ལ་དྲངས་ཤིང་། བསོད་སྙོམས་གསོལ་ཏེ་སླར་ཁྲོ་བ་དང་བརྡེག་པ་ལ་སོགས་བྱེད་ཀྱང་ལྷག་པར་དད་པ་སྐྱེས་ཏེ། ལྷག་མ་ཟོས་ཤིང་ཕྱི་ནས་བསྐོར་བར་བྱེད་དོ། །དགོང་མོ་ས་སྲོས་པ་དང་དེར་འོངས་ནས་ཉལ། ཐོ་རངས་བསོད་སྙོམས་ལ་འགྲོ། དེ་ནས་བླ་མ་ལ་དྲངས་ཀྱིན་དེ་ལྟར་ལོ་བཅུ་གཉིས་སུ་སྐྱོ་བ་མེད་པར་བསྙེན་བཀུར་བྱས་ཀྱང་ཁྲོ་བ་མ་ཡིན་པ་ཐ་མལ་པའི་ཚིག་གཅིག་ཀྱང་གསུང་བ་མེད་པ་ན། དུས་གཅིག་གི་ཚེ་ཁྱིམ་བདག་གཅིག་བག་མ་ལེན་པའི་སར་གསོད་སྙོམས་ལ་ཕྱིན་པས། བཟའ་བ་མང་པོ་དང་ཁྱད་པར་ཚོད་མའི་རྣམ་གྲངས་བརྒྱད་ཅུ་རྩ་བཞི་ཙམ་གྱི་ནང་ནས་སྔོ་པཱལག་ཞེས་བྱ་བའི་ཚོད་མ་ཤིན་ཏུ་ཞིམ་པ་ཞིག་རྣམས་རྙེད་པ་ཁུར་ཏེ་བླ་མ་ལ་དྲངས་པས། ཏིལོ་པས་བཞེས་ནས་སྔོའི་ཚོད་མ་ལ་བླ་མ་ཤིན་ཏུ་དགྱེས་ནས། བུ་ཟས་འདི་འདྲ་བ་གང་ནས་རྙེད། སུས་བྱིན་པ་ཡིན། གསུངས་པས། ནཱ་རོ་པ་ས་དང་པོ་ཐོབ་པ་ཙམ་དུ་དགའ་བ་མཆོག་ཏུ་གྱུར་ནས་འདི་སྙམ་དུ་བདག་གི་བླ་མའི་དྲུང་དུ་ལོ་བཅུ་གཉིས་བསྡད་པ་ལ། ཁྱོད་སུ་ཡིན་ཙམ་ཡང་མ་གསུངས་པ་ལ། དེ་རིང་བུ་ཞེས་གསུངས་སོ་སྙམ་ནས་དགའ་བ་དང་། ཏིལོ་པས་བུ་ཚོད་མ་ཞིམ་པོ་དེ་ད་དུང་སློངས་ལ་ཤོག །གསུངས་པས། ལན་བཞི་སློང་དུ་ཕྱིན་པས་ཁྱིམ་དེའི་མི་ཀུན་ཀྱིས་དགའ་བཞིན་དུ་བྱིན་ནོ། །ལན་ལྔ་པ་ལ་ནཱ་རོ་པས་བསམ་པ། ད་ནི་སློང་བ་ཡང་ངོ་ཚ་ལ། མ་ཕྱིན་ན་ནི་བླ་མ་མི་དགྱེས་སྙམ་ནས། སླར་སློང་དུ་ཕྱིན་པ་ན་ཁྱིམ་གྱི་མི་ཀུན་ལས་ལ་ཡེངས་པའི་བར་ལ་ཚོད་མ་སྣོད་དང་བཅས་པ་བརྐུས་ནས་ཁྱེར་འོངས་ཏེ། བླ་མ་ལ་དྲངས་པས་བླ་མ་དགྱེས་ནས་བུ་བརྩོན་འགྲུས་བཟང་པོ་བྱ་བར་བཏགས། བྱིན་རླབས་དང་དབང་བསྐུར་ཏེ། རྡོ་རྗེ་འཕགས་མོའི་གདམས་པ་གནང་སྟེ་བསྒོམས་པས། ཟླ་བ་དྲུག་ན་དངོས་གྲུབ་ཐོབ་སྟེ། མཚན་ཡང་ནཱ་རོ་པ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ལ། ཕྱོགས་ཐམས་ཅད་ནས་མཆོད་པ་ལ་འོངས་པ་ལ་ཐུགས་ཀ་ནས་འོད་བྱུང་བ་ཐམས་ཅད་ཀྱིས་མཐོང་ཞིང་། ཐག་རིང་བ་ཟླ་བ་རེའི་ལམ་ནས་ཀྱང་མཐོང་བར་གྱུར་ཏོ། །དེ་ནས་གདུལ་བྱ་དཔག་ཏུ་མེད་པའི་དོན་མཛད་ནས། མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུནཱརོཔའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact