| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༢༥༽གུརུདོཁན་ཊི། Mahāsiddha Dukhaṅdhi
༈གུརུདོཁཎྛིའི་ལོ་རྒྱུས་ནི། དོཁཎྛི་ཞེས་བྱ་བ་བསྒྱུར་ན་གཉིས་གཅིག་ཏུ་བྱེད་པ་ཞེས་བྱ་ལ། དེ་ཡང་ཡུལ་གནདྷཱར་བྱ་བར་སྤྲང་པོ་ཕྱག་དར་ཁྲོད་བསྡུས་པའི་རིགས་ཡིན། དེས་རྟག་ཏུ་གོས་རྙིང་པ་ཀུན་སྡུད་ཀྱིན་ལེགས་པར་བཙེམས་ནས་གྱོན་པར་བྱེད་དོ། །དུས་གཅིག་གི་ཚེ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་བྱོན་ནས། དེ་ལ་ཁྱོད་དོན་མེད་པའི་སྡུག་བསྔལ་འདི་འདྲ་བས་ཅི་བྱེད། དེ་བས་ཆོས་མི་བྱེད་དམ། གསུངས་པས། དེ་ན་རེ་བདག་ལ་ཆོས་སུས་སྟེར་ཟེར་བས། རྣལ་འབྱོར་པས་ངས་སྦྱིན་གསུངས་ནས་བདེ་མཆོག་གི་དཀྱིལ་འཁོར་ཏུ་དབང་བསྐུར། བསྐྱེད་རྫོགས་ཟུང་འཇུག་གི་གདམས་ངག་བྱིན་ནས། མི་དེས་དེ་བསྒོམས་པས་གོས་འཚེམ་པའི་རྟོག་པས་གེགས་བྱས་ཏེ་སྒོམ་དུ་མ་འདོད་པ་དང་། དེ་ན་རེ། རྣལ་འབྱོར་པ་བདག་རྟོག་པས་གཡེངས་ནས་སྒོམ་དུ་མི་འདོད་པར་འདུག་ཞུས་པ་ལ། རྣལ་འབྱོར་པས་དེ་ལ་རྟོག་པ་ལམ་འཁྱེར་གྱི་གདམས་ངག་འདི་ལྟར་གནང་སྟེ། ཆོས་རྣམས་དེ་བཞིན་ཉིད་ཀྱི་ངང་། །འཚེམ་དང་བཙེམ་པར་བྱ་བ་མེད། །ལྷ་དང་སྔགས་ཀྱང་དེ་བཞིན་ནོ། །གསུམ་རྣམས་རྟོགས་པ་ཆོས་ཀྱི་དབྱིངས། །ཞེས་གསུངས་པས། དེས་ཀྱང་དེ་ལྟར་བསྒོམས་པ་ན། གོས་འཚེམ་པའི་རྟོག་པ་དང་། ལྷ་དང་སྔགས་གསུམ་པོ་ཆོས་ཉིད་ཀྱི་ངང་དུ་སྟོར་ནས་བསྐྱེད་རྫོགས་ཟུང་འཇུག་གི་རྟོགས་པ་སྐྱེས་ཏེ། ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ། །དེ་ནས་འགྲོ་དོན་དཔག་མེད་མཛད་དེ་མཐར་མཁའ་སྤྱོད་དུ་གཤེགས་སོ། །གུརུདྷཱིཁནདྷིཔཱའི་ལོ་རྒྱུས་རྫོགས་སོ།། །།
