| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༢༤༽གུརུབྷདྲཔཱ། Mahāsiddha Bhadrapa
༈གུརུབྷདྲཔཱའི་ལོ་རྒྱུས་ནི། དེའི་ཡུལ་མ་ཎི་དྷར་ཞེས་བྱ་བ་ལ། ཡུལ་དེ་ན་བྲམ་ཟེ་ཞིག་ལ་འཁོར་དང་ལོངས་སྤྱོད་ཀྱི་འབྱོར་པ་དཔག་ཏུ་མེད་པས་དེ་དུས་རྟག་ཏུ་སེམས་གཡེང་བ་དང་བཅས་ཏེ་གནས་སོ། །དུས་གཅིག་གི་ཚེ་འཁོར་ཀུན་ཕྱིར་ཁྲུས་ལ་སོང་ནས་རང་ཉིད་གནས་ཁང་ན་འདུག་པའི་གམ་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་འོངས་ནས་ཟན་བསླངས་པས། བྲམ་ཟེ་ན་རེ། ཁྱོད་མི་གཙང་བས་བདག་གི་གནས་འབགས་འགྲོ་ཞིང་། བདག་ལ་འཁོར་དང་མི་ཀུན་གྱིས་འཕྱ་འོང་བས་ཕྱིར་སོང་ཞིག་ཟེར་བ་ལ། རྣལ་འབྱོར་པས་མི་གཙང་བ་ཅི་ལ་ཟེར་གསུངས་པས། བྲམ་ཟེ་ན་རེ། ལུས་ཁྲུས་མ་བྱས་པ་གོས་མེད་པ་སྣོད་ཐོད་པ་ཐོགས་པ། ཟས་འབགས་པར་ཟ་བ་རིགས་ངན་པ་ལ་ཟེར་བས་མྱུར་དུ་སོང་ཞིག་ཟེར་བ་ལ། རྣལ་འབྱོར་པས་མི་གཙང་བ་དེ་མ་ཡིན། ལུས་དང་ངག་དང་ཡིད་རྣམས་མི་དགེ་བ་དང་བཅས་པ་མི་གཙང་བ་ཡིན་ལ། ལུས་ལ་ཁྲུས་བྱས་པས་སེམས་ཀྱི་དྲི་མ་དག་པ་མ་ཡིན། བླ་མའི་གདམས་ངག་གིས་སེམས་ཀྱི་དྲི་མ་བཀྲུས་ན་གདོད་དག་པ་ཡིན་ནོ། །ཡང་གསུངས་པ། ཐེག་ཆེན་རིགས་ལྡན་མཆོག་ཡིན་ལ། །རྒྱལ་དང་བྲམ་ཟེ་དེ་ལྟ་མིན། །ལུས་སོགས་དྲི་མ་མི་དགེ་བ། །བརྒྱུད་ལྡན་བླ་མའི་གདམས་པ་ཡིས། །བཀྲུས་ན་གཙང་བ་བླ་ན་མེད། །ཆུ་ཡིས་བཀྲུས་པ་དེ་ལྟ་མིན། །ཞེན་མེད་སྣོད་དང་ཁ་ཟས་མཆོག །དཀར་གསུམ་ལ་སོགས་དེ་ལྟ་མིན། །ཞེས་སོགས་གསུངས་པས་དད་པར་གྱུར་ནས། བྲམ་ཟེ་ན་རེ། ཁྱོད་ཀྱིས་བདག་ལ་དེའི་གདམས་ངག་ཅིག་བྱིན་ཅིག་ཟེར་བས། རྣལ་འབྱོར་པས་འོ་ན་བདག་ལ་ཟན་བྱིན་ཅིག །དེ་ལྟར་བྱའོ་སྨྲས་པས། བྲམ་ཟེ་ན་རེ། འདིར་བདག་ཆོས་ཉན་ན་འཁོར་དང་མི་ཀུན་མི་དད་པས། ཁྱོད་གང་དུ་བཞུགས་པ་དེར་བདག་མཆིས་ན། ཉིད་གང་དུ་བཞུགས། ཟེར་བས། ང་དུར་ཁྲོད་ན་འདུག་གི་དེར་ཆང་དང་། ཕག་ཤ་ཁྱེར་ལ་ཤོག །བྱས་པས། བྲམ་ཟེ་ན་རེ། ངེད་བྲམ་ཟེ་རྣམས་ཆང་དང་ཕག་ཤའི་མིང་ཡང་འདོན་མི་རུང་ན་འཁུར་དུ་ག་ལ་རུང་། ཟེར་བས། རྣལ་འབྱོར་པས་གདམས་ངག་དགོས་ན་ཁྱེར་ལ་ཤོག་གསུངས་པས། བྲམ་ཟེས་སྨྲས་པ། ཉིན་པར་མཆིར་མི་འཚལ་བས་མཚན་མ་དེ་ལྟར་མཆིའོ་ཞེས་ཟེར་ཏེ། བྲམ་ཟེ་དེས་རང་རྟགས་བསྒྱུར་ནས་ཚོང་དུས་སུ་ཕྱིན་ཏེ། ཆང་དང་ཕག་ཤ་ཉོས་ནས་དུར་ཁྲོད་དུ་ཕྱིན་ནས་རྣལ་འབྱོར་པ་ལ་དྲངས་པས། རྣལ་འབྱོར་པས་རང་གིས་ཀྱང་གསོལ། བྲམ་ཟེ་ལ་ཡང་བྱིན་ནས་བྱིན་རླབས་འཕོ་བའི་དབང་བསྐུར་མཛད་དེ། བྲམ་ཟེ་ལ་མཎྜྻལ་འབུལ་དུ་བཅུག །བྲམ་ཟེ་དེའི་རིགས་ཀྱི་ང་རྒྱལ་བཅག་པའི་དོན་དུ་ཕྱག་དར་བྱེད་དུ་བཅུག་ནས་ལྟ་བའི་བརྡ་བསྟན་ལ། གནས་དེར་ཞལ་ཞལ་བྱེད་དུ་བཅུག་ནས་སྤྱོད་པའི་བརྡ་བསྟན། ཞལ་ཞལ་དེའི་ཁ་དོག་ནི་སྒོམ་པའི་བརྡའ་ཡིན། དེ་གསུམ་གཅིག་ཏུ་གྱུར་པ་ནི་འབྲས་བུའི་བརྡ་ཡིན་ནོ། །གསུངས་པས། གོང་གི་བརྡ་དེ་རྣམས་ཀྱི་དོན་ཡང་རྟོགས། སྣང་སྲིད་འཁྲུལ་པའི་རྣམ་འཕྲུལ་དུ་ཤེས། རིགས་ཀྱི་རྣམ་རྟོག་ཐམས་ཅད་དོར་ཏེ། རྣལ་འབྱོར་ལ་ཞུགས་ཏེ་བསྒོམས་པས། ལོ་དྲུག་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། རྣལ་འབྱོར་པ་བྷ་དྲ་པཱ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་སོ། །འགྲོ་དོན་མཛད་དེ་མཐར་འཁོར་ལྔ་བརྒྱ་དང་བཅས་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུབྷདྲཔཱའི་ལོ་རྒྱུས་རྫོགས་སོ།། །།
