| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༢༧༽གུརུཀལཔཱ། Mahāsiddha Kālapa
༈གུརུཀལཔཱའི་ལོ་རྒྱུས་ནི། ཀལཔཱ་ཞེས་པ་བསྒྱུར་ན་སྨྱོན་པ་ཞེས་བྱའོ། །དེའི་ཡུལ་ནི་རཱཇཔུརི་ཡིན། བླ་མ་ནི་རྒྱུད་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་ཡིན། ཀལཔཱ་ནི་ཚེ་སྔ་མ་བཟོད་པ་བསྒོམས་པའི་འབྲས་བུ་གཟུགས་བྱད་ཤིན་ཏུ་མཚར་བ་ཞིག་ཡོད་ལ། རཱཇཔུ་རིའི་སྐྱེ་བོ་ཀུན་དེ་ལ་ལྟ་ཞིང་འབྲངས་པས། དེ་དེས་སྐྱོ་ནས་དུར་ཁྲོད་ཞིག་ཏུ་འདུག་ནས་ཡོད་པ་ལ། ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་དེར་བྱོན་ནས་ཁྱོད་དུར་ཁྲོད་ན་ཅི་བྱེད་ཅིང་འདུག་གསུངས་པས། མི་དེ་ན་རེ། བདག་མི་ཀུན་གྱིས་འདུག་ཏུ་མ་སྟེར་ནས་འདིར་འདུག་གིན་གདའ་ཞུས་པས། རྣལ་འབྱོར་པས་འོ་ན་ཁྱོད་ལ་ཆོས་མི་དགོས་སམ། གསུངས་པས། དེ་ན་རེ་ཆོས་དགོས་ཏེ་བདག་ལ་སུས་སྟེར་ཟེར། རྣལ་འབྱོར་པ་དེས། ཁྱོད་ལ་ཆོས་དགོས་ན་ངས་སྦྱིན་གྱིས་གསུངས་ནས། བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར། བསྐྱེད་རྫོགས་ཀྱི་དོན་སྒོམ་དུ་བཅུག་པས། དེས་བསྐྱེད་རྫོགས་ཟུང་འཇུག་ཏུ་རྟོགས་པའི་ནང་དུ་བདག་གཞན་གཉིས་སུ་དམིགས་པ་སྟོར་ནས་ཤུགས་འབྱུང་ལྷུག་པའི་སྤྱོད་པ་སྤྱད་པས། རཱཇཔུརིའི་མི་ཀུན་ན་རེ། སྨྱོན་པ་ཅིག་འདུག་ཟེར་བ་ལ། དེས་གསུངས་པ། བདག་དུ་བཟུང་བས་གཞན་སྣང་སྟེ། །གཉིས་ཀྱི་རང་བཞིན་སྡུག་པར་བྱས། །མཁས་པས་དེ་ལྟར་མཁྱེན་པ་ན། །རྣམ་པར་རྟོག་པའི་ལྷ་ཚོགས་དང་། །ཡི་གེ་ཨ་ཡ་ནང་ཉིད་དུ། །མཁའ་ལ་འཇའ་ནི་ཡལ་བ་ལྟར། །སྐྱེ་དང་འགག་པ་གནས་པ་གསུམ། །སྨྱོན་པ་བདག་གིས་མ་སྤྱད་པས། །གཉིས་མེད་ཤུགས་འབྱུང་སྤྱོད་པ་བདེ། །གསལ་ལ་མ་འགགས་རྟོགས་པ་བདེ། །ཚོགས་དྲུག་མ་འགགས་སྒོམ་པ་བདེ། །རྩོལ་སྒྲུབ་མེད་པའི་འབྲས་བུ་བདེ། །ཞེས་གསུངས་ནས་ཏཱ་ལ་བདུན་ཙམ་གྱི་ནམ་མཁའ་ལ་འཕགས་ནས་ཆོ་འཕྲུལ་སྣ་ཚོགས་བསྟན་ནོ། །དེ་མན་ཆད་བླ་མ་ཀལཔཱ་ཞེས་གྲགས་ལ། མཐར་མཁའ་སྤྱོད་དུ་གཤེགས་སོ། །གུརུཀལཔཱའི་ལོ་རྒྱུས་རྫོགས་སོ།། །།
