Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༢༦༽གུརུཨཛོ་གིཔཱ། Mahāsiddha Ajogi

༈གུརུཨཛོགིའི་ལོ་རྒྱུས་ནི། ཨཛོགི་བྱ་བ་ལེ་ལོ་ཅན་ནོ། །དེ་ཡང་ཡུལ་པཊལིཔུཏྲ་བྱ་བ་ན། ཁྱིམ་བདག་གཅིག་གི་བུ་ཞིག་ཤ་ཤིན་ཏུ་ཆེ་ནས་སྤྱོད་ལམ་རྣམ་པ་བཞི་གང་བྱེད་ཀྱང་ཉལ་ནས་བྱེད་པ་ཞིག་ཡོད་པ་ལ། ཕ་མ་དང་ཉེ་དུ་ཀུན་འདི་འདྲ་བའི་བུས་ཅི་བཏུབ་ཅེས་བརླ་བརྗོད་བྱེད་ཅིང་དུར་ཁྲོད་དུ་བསྐྱལ་ནས། དེས་དུར་ཁྲོད་དུ་ཉལ་ནས་བསྡད། དེར་རྣལ་འབྱོར་པ་ཞིག་བྱོན་ནས་དེས་དེ་མཐོང་བ་ན། སྙིང་རྗེ་སྐྱེས་ནས། གྲོང་ཁྱེར་ནས་བཟའ་བཏུང་བླངས་ཏེ་དེ་ལ་བྱིན་པ་དང་། དེས་ཟས་ཟ་བ་ལའང་མི་ལངས་པར་མཐོང་ནས། རྣལ་འབྱོར་པ་དེས་དེ་ལ་ཁྱོད་ཀྱིས་ཟས་ཟ་བ་ལའང་མི་ལངས་པར་འདུག་ན་འཇིག་རྟེན་གྱི་བྱ་བ་ཅི་ནུས་བྱས་པས། དེ་ན་རེ། ཅི་ཡང་མ་ནུས་པས་བདག་ཕ་མས་སྤངས་པ་ཡིན་ཟེར། རྣལ་འབྱོར་པས་དེ་ལ་འོ་ན་ཉལ་གྱིན་ཆོས་སྒྲུབ་ནུས་སམ། བྱས་པས། དེ་ན་རེ། ནུས་ཏེ་བདག་འདྲ་བ་ལ་ཆོས་སུས་སྟེར། ཟེར་རོ། །རྣལ་འབྱོར་པས་ངས་སྦྱིན་གསུངས་ཏེ། དགྱེས་རྡོར་གྱི་དཀྱིལ་འཁོར་དུ་དབང་བསྐུར། མི་ཟབ་པའི་རྫོགས་པའི་རིམ་པ་གདམས་ངག་ཏུ་བྱིན་ནས་སྟེང་སྒོའི་སྣ་རྩེར་ཐིག་ལེ་ཉུངས་ཀར་གྱི་འབྲུ་ཙམ་གྱི་ནང་དུ་སྟོང་གསུམ་འདུས་པར་སྒོམས་ཤིག་བྱས་པས། དེ་ན་རེ་དེ་ལ་རྟགས་ཅི་ལྟ་བུ་འབྱུང་བ་ལགས། ཟེར་བ་ལ། རྣལ་འབྱོར་པས་བསྒོམས་ཙ་ན་ཤེས་ཡོང་གི་གསུངས། དེ་ནས་དེས་ཀྱང་དེ་བཞིན་དུ་བསྒོམས་པས། ཡུངས་ཀར་དང་སྟོང་གསུམ་གྱི་དམིགས་པ་སྟོང་ཉིད་ཀྱི་ངང་དུ་སྟོར་ནས་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་རྟོགས་པ་རྒྱུད་ལ་འཁྲུངས་སོ། །དེས་ལོ་དགུར་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་འགྲོ་དོན་མང་དུ་མཛད་དེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཨཛོགིའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact