Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༢༨༽གུརུདྷོཝིཔཱ། Mahāsiddha Dhobīpa

༈གུརུདྷོཝིཔཱའི་ལོ་རྒྱུས་ནི། རིགས་ཁྲུས་མཁན། ཡུལ་སཱལིཔུཏྲནགར། དེ་ན་ཁྲུས་མཁན་ཕ་བུ་གཉིས་དུས་རྟག་ཏུ་ཁྲུས་ཀྱི་ལས་ཀྱིས་འཚོ་བར་བྱེད་པ་ལས། དུས་གཅིག་གི་ཚེ་དེའི་གན་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་བྱོན་ནས་དེ་གཉིས་ལ་བཟའ་བ་བསླངས་པས། དེ་གཉིས་ཀྱིས་བསོད་སྙོམས་དྲངས་ཏེ། རྣལ་འབྱོར་པ་ལ་ན་བཟའ་བཀྲུ་རྒྱུ་མ་མཆིས་སམ། བདག་གིས་བཀྲུ་ཡི་ཟེར་བ་ལ། རྣལ་འབྱོར་པས་སོལ་བ་ཞིག་ལག་ཏུ་ཐོགས་ནས་འདི་བཀྲུས་ན་དྲི་མ་དག་ནུས་སམ། གསུངས་པས། ཁྲུས་མཁན་གྱི་བུ་དེ་ན་རེ། སོལ་བ་ནག་པོའི་རང་བཞིན་བཀྲུས་ཀྱང་དཀར་པོར་མི་འགྱུར་བ་མཆི་ཞུས་པས། རྣལ་འབྱོར་པས་ཁྱོད་ཀྱིས་ཕྱིའི་ཁྲུས་བྱས་ཀྱང་ནང་གི་དུག་གསུམ་གྱི་དྲི་མ་མ་དག་ན་ཕྱིའི་ཁྲུས་ཀྱིས་དག་པར་ངས་མ་མཐོང་། དེས་ན་ཁྱེད་ཅག་དུས་རྟག་ཏུ་ཁྲུས་བྱེད་མི་དགོས་པར་ལན་གཅིག་བཀྲུས་པས་ཆོག་པའི་གདམས་པ་ང་ལ་ཡོད་ན། དེ་ཁྱོད་ལ་མི་དགོས་སམ། གསུངས་པས། དེ་ན་རེ་དགོས་ཟེར། དེ་ནས་དེར་རྣལ་འབྱོར་པས་ཁྲུས་མཁན་གྱི་བུ་དེ་ལ་བདེ་མཆོག་གི་དཀྱིལ་འཁོར་ཏུ་དབང་བསྐུར་ཏེ་སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གསུམ་གྱིས་བྱིན་གྱིས་བརླབས་ནས་གདམས་ངག་བྱིན། དེས་བསྒོམས་པས་ལོ་བཅུ་གཉིས་ནས་ཕྱག་རྒྱས་ལུས་ཀྱི་དྲི་མ་དག །སྔགས་ཀྱིས་ངག་གི་དྲི་མ་དག །ཏིང་ངེ་འཛིན་གྱིས་སེམས་ཀྱི་དྲི་མ་དག་གོ །གདམས་ངག་ནི། འབར་བའི་ཕྱག་རྒྱའི་ཆུ་ཡིས་ནི། །ལུས་ཀྱི་དྲི་མ་འཁྲུད་པ་ཡིན། །ཨཱལིཀཱལི་ཆུ་ཡིས་ནི། །ངག་གི་དྲི་མ་འཁྲུད་པ་ཡིན། །དཔའ་བོ་ཡབ་ཡུམ་སྦྱོར་བ་ཡིས། །སེམས་ཀྱི་དྲི་མ་དྲུང་འབྱིན་ཏོ། །ཞེས་གསུངས་པ་བཞིན་དུ། ལུས་ཕྱག་རྒྱ་ངག་བཟླས་པ་སེམས་བསྐྱེད་རྫོགས་དང་མ་བྲལ་བར་བསྒོམས་པས། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་ཡོད་པའི་དུས་སུ། ཆུ་ལ་གོས་དྲི་མ་ཅན་བཏང་བ་བཀྲུ་མི་དགོས་པར་རང་དག་ཏུ་འགྲོ་བ་ཀུན་གྱིས་མཐོང་བས། ཡོན་ཏན་ཐོབ་པར་གཟོད་རྟོགས་ལ། དྷོཝིཔཱ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་སོ། །གུརུདྷོཝིཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact