Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༣༢༽གུརུབྷནདྷེཔཱ། Mahāsiddha Bhandepa

༈གུརུབྷནདྷེཔའི་ལོ་རྒྱུས་ནི། བྷནདྷེནི་ནོར་ལྷ་འཛིན་པ་བྱ་བ་ཡིན་ལ། དེའི་ཡུལ་ནི་མཉམ་ཡོད། རིགས་ནི་ལྷ་རིགས། བླ་མ་ནི་སློབ་དཔོན་ནག་པོ་སྤྱོད་པ་ཡིན་ནོ། །བྷན་དྷེ་པ་ནམ་མཁའ་ལ་གནས་པ་ལ། དུས་གཅིག་གི་ཚེ་འཕགས་པ་དགྲ་བཅོམ་པ་ཞིག་ཆོས་གོས་དང་། ལྷུང་བཟེད་དང་འཁར་གསིལ་དང་བཅས་པ་འོད་དང་གཟི་བརྗིད་དང་ལྡན་པ་ཞིག་ནམ་མཁའ་ལ་གཤེགས་པར་མཐོང་ནས། ངོ་མཚར་སྐྱེས་ཏེ་ལྷའི་བཟོ་བོ་ཝིཤྭཀརྨ་ལ་དྲིས་པ། རྗེའི་སྲས། འདི་འདྲ་བའི་ངོ་མཚར་ཅན་མཁའ་ལ་རྒྱུ་བ་འདི་ཅི་ལགས། སྨྲས་པས། ཝིཤྭཀརྨ་ན་རེ། འདི་ནི་ཉོན་མོངས་པ་སྤངས་པའི་འཕགས་པ་དགྲ་བཅོམ་པ་ཡིན་ཟེར་བས། བྷནདྷེ་པས་ཀྱང་དེ་འདྲ་བ་ཐོབ་པར་འདོད་ནས་འཛམ་བུའི་གླིང་དུ་སླར་འོངས་ནས། སློབ་དཔོན་ནག་པོ་སྤྱོད་པ་ལ་ཆོས་ཞུས། ནག་པོ་སྤྱོད་པས་གསང་བ་འདུས་པར་དབང་བསྐུར་ཏེ། རྣལ་འབྱོར་སྲུང་བའི་ཐབས་ཚད་མེད་པ་བཞིའི་གདམས་ངག་བྱིན་ནས། སྙིང་རྗེ་ལྟ་བ། དགའ་བ་སྒོམ་པ། བྱམས་པ་སྤྱོད་པ། བཏང་སྙོམས་འབྲས་བུར་བསྒོམས་པས། ཕྱིན་ཅི་ལོག་གི་འཁྲུལ་པའི་དུག་ཐམས་ཅད་དག་ནས། མཧཱ་མུདྲཱའི་འབྲས་བུ་ཐོབ་སྟེ། ཕྱོགས་མཚམས་ཐམས་ཅད་དུ་རྣལ་འབྱོར་པ་བྷནདྷེ་པཱ་ཞེས་གྲགས། དེ་ལ་ཝིཤྭཀརྨས་ཅི་བྱས་དྲིས་པས། དེའི་ཞལ་ནས། དམིགས་པ་མེད་པའི་ལྟ་བ་དང་། །རྒྱུན་ཆད་མེད་པའི་སྒོམ་པ་དང་། །ཕ་མ་ལྟ་བུའི་སྤྱོད་པ་དང་། །ནམ་མཁའ་ལྟ་བུའི་འབྲས་བུ་བཞི། །ཐ་དད་མེད་པར་མངོན་དུ་མཐོང་། །མངོན་པར་ཞེན་པ་ག་ལ་གྲུབ། །ཨེ་མ་བླ་མ་ངོ་མཚར་ཆེ། །མཁས་པས་རྟག་ཏུ་བསྟེན་པར་གྱིས། །ཞེས་གསུངས། མཉམ་ཡོད་ལ་སོགས་པའི་གྲོང་ཁྱེར་ཆེན་པོ་དྲུག་ཏུ་ལོ་བཞི་བརྒྱའི་བར་དུ་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད་དེ། མཐར་འཁོར་བཞི་བརྒྱ་དང་བཅས་པ་ལུས་དེ་ཉིད་ཀྱི་མཁའ་སྤྱོད་དུ་གཤེགས་སོ། །གུརུབྷནདྷེཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact