Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༣༣༽གུརུཏནདྷེཔཱ། Mahāsiddha Taṅtepa

༈གུརུཏནདྷེཔཱའི་ལོ་རྒྱུས་ནི། ཏན་དྷེ་པཱ་བྱ་བ་ཆོ་ལོ་པ་བྱ་བ་ཡིན་ལ། ཡུལ་ཀཽ་ཤཱམ་བཱི་བྱ་བར་དམངས་རིགས་ཀྱི་གང་ཟག་ཅིག་རྟག་ཏུ་ཆོ་ལོ་རྩེ་བས་ཟས་ནོར་ཐམས་ཅད་ཟད་ནས་མེད་ཀྱང་། གོམས་པའི་སྟོབས་ཀྱིས་ཡང་ཆོ་ལོ་བརྩེས་པས་བཅལ་རྒྱུ་ཅི་ཡང་མེད་པས་མི་ཀུན་གྱིས་དེ་བརྡུངས་པ་ན། སྐྱོ་བ་སྐྱེས་ཏེ་དུར་ཁྲོད་དུ་ཕྱིན་ནས་འདུག་པ་དང་། དེར་རྣལ་འབྱོར་པ་ཞིག་བྱོན་ནས། ཁྱོད་འདི་ན་ཅི་བྱེད་ཀྱིན་འདུག གསུངས་པས། དེ་ན་རེ། བདག་ཆོ་ལོ་ལ་དགའ་བས་ནོར་རྫས་ཐམས་ཅད་ཤོར་ཏེ། ལུས་སེམས་སྡུག་བསྔལ་གྱིས་གདུངས་ཏེ་འདི་ན་གདའ། ཞེས་ཞུས་པས། རྣལ་འབྱོར་པས་ཁྱོད་ཆོས་མི་བྱེད་དམ། གསུངས་པས། དེ་ན་རེ། ཆོ་ལོ་སྤོང་བར་མི་ནུས་པས། དེ་མ་སྤངས་པར་ཆོས་བྱར་ཡོད་ན་བདག་བྱེད་ལགས་ཞུས་པས། རྣལ་འབྱོར་པས་དེ་ཡོད་གསུངས་ནས། དེ་ལ་དབང་བསྐུར། གདམས་ངག་ཏུ་ཆོ་ལོ་ནོར་རྫས་ཟད་ནས་སྟོང་བར་སོང་བ་བཞིན་དུ་ཁམས་གསུམ་ཐམས་ཅད་སྟོང་བར་བསྒོམས་ལ། ཁམས་གསུམ་སྟོང་པ་བཞིན་སེམས་ཉིད་ཀྱང་སྟོང་པར་སྒོམས་ཤིག་ཅེས་པ་སྟེ། ཆོ་ལོས་ནོར་རྣམས་ཟད་པ་ལྟར། །རིག་པའི་ཆོ་ལོས་ཁམས་གསུམ་གྱི། །རྣམ་རྟོག་ཐམས་ཅད་ཟད་པར་གྱིས། །དེ་ཡིས་བདག་ཉིད་གདུངས་པ་ལྟར། །རྣམ་རྟོག་ཆོས་སྐུར་གདུང་བར་བྱ། །དུར་ཁྲོད་དབེན་པར་ཉལ་བ་ལྟར། །བདེ་ཆེན་ཀློང་དུ་ཉལ་བར་བྱ། །ཞེས་བསྟན་པ་བཞིན་དུ་བསྒོམས་པས། ཁམས་གསུམ་གྱི་རྟོག་པ་ཆོས་ཉིད་དུ་ནུབ། དེ་ལྟར་རྟོགས་པའི་རིག་པ་དེ་ཡང་རང་བཞིན་མེད་པར་གྱུར་ཏེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས། དེས་གསུངས་པ། དང་པོ་སྐྱོ་བ་མ་སྐྱེས་ན། །ཐར་པའི་ལམ་དུ་ག་ལ་འཇུག །དད་པའི་བླ་མ་མ་བསྟེན་ན། །དངོས་གྲུབ་དམ་པ་ག་ལ་འཇུག །ཅེས་གསུངས་ཏེ། ནམ་མཁའ་ལ་འཕགས་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་ཀྱི་གནས་སུ་གཤེགས་སོ། །གུརུཏནདྷེཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact