| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༣༥༽གུརུཀུཙིཔཱ། Mahāsiddha Kucipa
༈གུརུཀུཙིཔཱའི་ལོ་རྒྱུས་ནི། ཀུཙིཔཱ་བྱ་བ་ལྟག་ལྦ་ཅན་ཏེ། ཡུལ་ཀཧརི་བྱ་བར་དམངས་རིགས་ཀྱི་གང་ཟག་ཅིག་ཞིང་ལས་ཀྱིས་འཚོ་བར་བྱེད་པ་ན། དུས་གཅིག་གི་ཚེ་དེ་ལ་སྔོན་ལས་ཀྱིས་ལྟག་པར་ལྦ་བ་ཞིག་སྐྱེས་ནས། དེ་རྗེས་ཆེར་སོང་ནས་འགྲོ་བ་ལ་སོགས་པའང་མི་ཤེས་པར་གྱུར་པས་དེ་སྡུག་བསྔལ་ནས་ཕྱོགས་དབེན་པ་ཞིག་ཏུ་ཉལ་ནས་བསྡད་པའི་ཚེ། དེར་འཕགས་པ་ཀླུ་སྒྲུབ་བྱོན་པས། དེ་ལ་དད་པ་སྐྱེས་ནས་ཐལ་མོ་སྦྱར་ཏེ། ཨེ་མ་འཕགས་པ་གང་ནས་བྱོན། །བདག་ནི་ལས་ངན་གྱིས་མནར་བས། །སྡུག་བསྔལ་བཟོད་དཀའ་འདི་འདྲ་ན། །ཐར་པའི་ཐབས་ཤིག་བདག་ལ་སྩོལ། །ཞེས་ཞུས་པས། འཕགས་པས་དེ་ལས་ཐར་པའི་ཐབས་ཡོད་དེ་བརྩོན་པས་སྒྲུབ་ནུས་སམ། ནུས་ན་སྡུག་བསྔལ་ཀུན་དྲུངས་ནས་འབྱིན་ཅིང་བདེ་བར་འགྲོ་བའི་ཐབས་ཡོད་དེ་གསུངས་པས། དེ་ན་རེ། འཕགས་པ་བརྩོན་པར་སྒྲུབ་ཅིས་ཏེ་མི་ནུས་ནུས་ལགས་ཟེར་བས། འཕགས་པས་དེ་ལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་བཅུག་ནས་ལེགས་པར་དབང་བསྐུར་ནས། སྡུག་བསྔལ་ལམ་ཁྱེར་གྱི་ཆོས་བསྐྱེད་རྫོགས་ཀྱི་གདམས་པ་འདི་ལྟར་གནང་སྟེ། དེ་ཡང་བསྐྱེད་རིམ་གྱི་དམིགས་པ་ལྟག་པའི་ལྦ་བ་དེ་ཇེ་ཆེར་སྒོམས་ཤིག་གསུངས་ནས། དེས་ཀྱང་དེ་ལྟར་བསྒོམས་པས། ཝ་བ་དེ་སྔར་བས་ཇེ་ཆེར་སོང་ནས་སྡུག་བསྔལ་བ་ན། སླར་འཕགས་པ་བྱོན་ནས་བདེ་འམ་གསུངས་པས། ཤིན་ཏུ་སྡུག་བསྔལ་བར་གདའ་ཞུས་པས། དེ་ལ་འཕགས་པས་སླར་རྫོགས་རིམ་གྱི་དམིགས་པ་ལྟར་ཆོས་ཐམས་ཅད་དེར་འདུས་པར་བསྒོམས་ཤིག་གསུངས་པས། དེས་ཀྱང་དེ་ལྟར་བསྒོམས་པ་ན། ཝ་བ་མེད་པར་སོང་ནས་བདེ་བ་ན། ཡང་འཕགས་པ་བྱོན་ནས་བདེ་འམ། གསུངས་པས། བདེ་ལགས་ཞུས་པ་དེ་ལ་གདམས་པ། ཡོད་དང་མེད་ལས་བདེ་སྡུག་འབྱུང་། །མཐའ་གཉིས་རྟོགས་པ་དང་བྲལ་ན། །བདེ་དང་སྡུག་བསྔལ་ག་ལ་ཡོད། །ཆོས་རྣམས་རང་རང་ངོ་བོས་སྟོང་། །ཞེས་གསུངས་པས་དེའི་དོན་དེས་ལེགས་པར་རྟོགས་ཏེ། དམིགས་མེད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས། དེས་ཀཧིརཱ་ལ་སོགས་པར་ལོ་བདུན་བརྒྱའི་བར་དུ་འགྲོ་དོན་མཛད་དེ། ཐམས་ཅད་དུ་ཀུ་ཙིཔཱ་ཞེས་གྲགས་ལ། མཐར་འཁོར་བདུན་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །གུརུཀུཙིཔཱའི་ལོ་རྒྱུས་རྫོགས་སོ།། །།
