Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༣༤༽གུརུཀུཀྐུརིཔཱ། Mahāsiddha Kukkuripa

༈གུརུཀུཀྐུརིཔཱའི་ལོ་རྒྱུས་ནི། ཡུལ་ཀཔིལཝསྟུ་ན་བྲམ་ཟེ་ཞིག་སྔགས་ལ་དད་པ་སྐྱེས་ཏེ། རྣལ་འབྱོར་གྱི་སྤྱོད་པ་མཛད་ཅིང་། མཐར་གྱིས་ལྡོམ་བུ་ལ་བྱོན་ནས་ལུམ་བཱིནཱིའི་གྲོང་ཁྱེར་དུ་བྱོན་པའི་ལམ་ཁ་ན། ཁྱི་གུ་མོ་ལྟོ་མ་ཐེག་པ་ཞིག་འདུག་པས་དེ་ལ་བྱམས་པ་སྐྱེས་ནས་དེ་ཁྱེར་ཏེ་གྲོང་ཁྱེར་དུ་བྱོན་ནས་ཕྱོགས་བཞིར་གཟིགས་པ། ཕྱོགས་གཅིག་ན་བྲག་ཕུག་སྟོང་པ་ཞིག་འདུག་པ་དེར་ཁྱི་གུ་བོར་ཏེ་བསོད་སྙོམས་བླངས་ཀྱིན་དེར་བསྒྲུབས་པས། ལོ་བཅུ་གཉིས་ནས་འཇིག་རྟེན་པའི་དངོས་གྲུབ་མངོན་ཤེས་ལ་སོགས་པ་ཐོབ་པས། སུམ་ཅུ་རྩ་གསུམ་ལ་སོགས་པའི་ལྷ་རྣམས་ཀྱིས་སྤྱན་དྲངས་ཏེ་དེར་བྱོན་པའི་རྗེས་སུ་ཁྱི་གུ་ཕུག་པ་ཉིད་དུ་ལུས། མི་མེད་པར་ཁྱི་གུས་ས་བྲུས་པས་ཆུ་དང་བཟའ་བ་ལ་སོགས་པ་བྱུང་བ་ཟ་ཞིང་དེར་བསྡད་པ་དང་། རྣལ་འབྱོར་པ་དེ་ལ་ལྷ་རྣམས་ཀྱིས་མཆོད་པ་རྒྱ་ཆེན་པོ་བྱས་པ་ན། རྣལ་འབྱོར་པས་སྔར་གྱི་ཁྱི་གུ་དྲན་ཏེ་ལོག་པར་བརྩམས་པ་ལས། ལྷ་རྣམས་ན་རེ། ཡོན་ཏན་འདི་ཙམ་ཐོབ་ཀྱང་། ཁྱི་གུ་འདྲ་བའི་རྟོག་པ་མ་ཆོད་པ་འདི་མ་ལེགས་པས། འདི་ཉིད་དུ་བཞུགས་པར་ཞུ་ཟེར་ཡང་ཡང་བཀག་པ་ན། དུས་གཅིག་གི་ཚེ་མ་གསན་པར་བྲག་ཕུག་ཏུ་ལོག་ནས་བྱོན་ཏེ། ཁྱི་གུ་ལ་བྱིལ་བྱིལ་མཛད་པས། དེ་མཁའ་འགྲོ་མར་སོང་སྟེ་དེའི་ཞལ་ནས། ལེགས་སོ་ལེགས་སོ་རིགས་ཅན་ཁྱོད། །བར་ཆད་དབང་དུ་མ་སོང་སྟེ། །དངོས་གྲུབ་དམ་པ་ལེན་དུ་འོངས། །སྔ་མའི་དངོས་གྲུབ་རྫུན་པ་སྟེ། །ལོག་པར་ལྟ་བ་དག་ལ་ཡོད། །ངོ་མཚར་མིན་ཏེ་འགྱུར་བ་ཅན། །ཟག་མེད་བདེ་ཆེན་མཆོག་ཉིད་ཀྱི། །དངོས་གྲུབ་དམ་པ་མ་ཡིས་སྟེར། །ཞེས་གསུངས་ཤིང་། ཐབས་ཤེས་ཟུང་འཇུག་གི་བརྡའ་བསྟན་ནས། འགྱུར་མེད་ལྟ་བ་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེས་ཤིང་། དངོས་གྲུབ་མཆོག་ཐོབ་པས། དེ་མན་ཆད་ལུམབཱིནཱི་ལ་སོགས་པ་ཐམས་ཅད་དུ་བླ་མ་ཀུཀྐུརིཔཱ་ཞེས་བྱ་བར་གྲགས། འགྲོ་དོན་མང་དུ་མཛད། གྲོང་ཁྱེར་ཀཔིལཝསྟུའི་སྐྱེ་བོའི་ཚོགས་དང་བཅས་པ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཀུཀྐུརིཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact