Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༣༦༽གུརུདྷརྨཔཱ། Mahāsiddha Dharmapa

༈གུརུདྷརྨཔཱའི་ལོ་རྒྱུས་ནི། དྷརྨཔཱ་སྟེ་ཐོས་པའི་ཤེས་རབ་བྱ་བ་ཡིན་ལ། ཝི་ཀྲམསུར་ན། བྲམ་ཟེ་ཞིག་རྟག་ཏུ་ཐོས་པ་ལ་བརྩོན་པར་གནས་ཀྱང་། བསམ་པ་དང་། སྒོམ་པའི་ཤེས་རབ་མེད་པ་ལ། དུས་གཅིག་གི་ཚེ་རྣལ་འབྱོར་པ་ཞིག་བྱོན་ནས། ཐོས་པ་མང་དུ་བྱས་པའི་བློ་ལ་ཆོས་མང་དུ་ཡོད་དམ། གསུངས་པས། དེ་ན་རེ། འཕགས་པ་བདག་གིས་ཆོས་མང་དུ་ཐོས་ཀྱང་ཐོས་མ་ཐག་ཏུ་བརྗེད་པས། མི་བརྗེད་པའི་གདམས་པ་ཞིག་ཞུ་འཚལ་ཞུ་བ་ལ། རྣལ་འབྱོར་པས་དེ་ལ་རུང་གསུངས་ཏེ། བྱིན་རླབས་འཕོ་བའི་དབང་སྐུར་ནས་དུ་མ་རོ་གཅིག་པའི་གདམས་པ་འདི་གནང་ངོ་། །རིན་ཆེན་ཕྱེ་མ་དུ་མ་རྣམས། །མགར་གྱིས་ལེགས་པར་གཅིག་ཏུ་བསྒྱུར། །དེ་བཞིན་ཐོས་པ་སྣ་ཚོགས་ཀྱང་། །སེམས་ཉིད་དབྱིངས་སུ་བཞུ་བར་གྱིས། །ཞེས་གསུངས་པའི་དོན་དེས་གོ་ནས། ཐོས་པའི་ཆོས་ཐམས་ཅད་སེམས་ཉིད་དེ་དུ་མ་རོ་གཅིག་ཏུ་རྟོགས་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས། དྷརྨ་པཱ་ཞེས་གྲགས། གདུལ་བྱ་མང་པོ་ཐར་ལམ་ལ་བཀོད་ནས། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུདྷརྨཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact