| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༣༨༽གུརུཨཅིནྟཱ། Mahāsiddha Aciṅta
༈གུརུཨཅིནྟ་ནི། དྲན་པ་མེད་པ་བྱ་བ་ཡིན་ལ། འདིའི་ཡུལ་ནི་དྷ་ནི་པུར་ཡིན་ཞིང་། རིགས་ནི་ཤིང་འཚོང་རིགས་ཡིན་ནོ། །དེ་ཡང་ཤིན་ཏུ་དབུལ་ཞིང་ཕོངས་པ་ཡིན་པས་ཉིན་མཚན་དུ་ནོར་རྫས་ལ་སྲེད་པས། འཇིག་རྟེན་གྱི་རྣམ་རྟོག་གཞན་གང་ཡང་དྲན་པ་མེད་པར་ནོར་རྫས་འབའ་ཞིག་འདོད་པས་གདུངས་ཏེ། དབེན་པ་ཞིག་ན་འདུག་པ་དང་། དེའི་གམ་དུ་རྣལ་འབྱོར་པ་ཀམྦལ་སྟེ་ལྭ་ཝ་པཱ་བྱོན་ནས། ཁྱོད་དབེན་པ་ན། ལུས་ངག་དབེན་པར་འདུག་སྟེ་ཅི་སེམས་ཀྱིན་འདུག །གསུངས་པས། དེ་ན་རེ། རྣལ་འབྱོར་པ་བདག་ནི་འཇིག་རྟེན་གྱི་ནོར་རྫས་སེམས་པ་ལས་གཞན་ཅི་ཡང་མི་དྲན་ལ། ནོར་སེམས་ཀྱང་ཁུག་པ་ནི་ཅི་ཡང་མི་འདུག་ཞུས་པས། སློབ་དཔོན་གྱི་ང་ལ་ནོར་རྫས་ཁུག་པའི་གདམས་པ་ཡོད་དེ་ཁྱོད་ཀྱི་སྒྲུབ་ནུས་སམ་གསུངས་པས། དེ་ན་རེ། སྒྲུབ་མི་ནུས་པའི་ཐབས་མེད་པས་ཅིས་ཀྱང་ཞུ་ཟེར། དེ་ནས་སློབ་དཔོན་གྱིས་དེ་ལ་བདེ་མཆོག་ཏུ་དབང་བསྐུར། མི་ཟབ་པ་རྫོགས་པའི་རིམ་པ་འདི་གནང་སྟེ། འདོད་པས་རྙེད་པ་ག་ལ་ཡོད། །མོ་གཤམ་བུ་ནི་ཇི་བཞིན་ནོ། །དེས་ན་འདོད་པའི་སེམས་སྤོངས་ལ། །རང་ལུས་ནམ་མཁའི་ངང་ཉིད་དུ། །རང་སེམས་སྐར་མར་གསལ་བར་སྒོམས། །དེ་ཡང་ནོར་ལྷ་ཉིད་ཡིན་པས། །མངོན་དུ་གྱུར་པ་ཉིད་ཀྱི་ཚེ། །འདོད་དགུ་མ་ལུས་འབྱུང་བར་འགྱུར། །ཞེས་གསུངས་པས། དེས་ཀྱང་དེ་བཞིན་དུ་བསྒོམས་པས། ནོར་རྫས་ཀྱི་རྟོག་པ་དེ་སྐར་མའི་ངང་དུ་སྟོར། སྐར་མ་དེ་ཡང་ནམ་མཁའི་ངང་དུ་ནུབ་ནས་རྟོག་མེད་ཀྱི་ངང་དུ་སོང་བ་ན་སླར་བླ་མས་དེ་ལ། ནམ་མཁའི་རང་བཞིན་ཇི་ལྟ་བུ། །ཁྱོད་ཀྱིས་ཡུལ་དུ་བྱས་སམ་ཅི། །ཁ་དོག་དབྱིབས་སོགས་བྲལ་བ་ལ། །ཅི་ལྟར་ཞེན་ཅིང་ཇི་ལྟར་བསྒོམས། །གསུངས་པས། དེས་དེའི་དོན་རྟོགས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། བླ་མ་ཨཅིནྟར་གྲགས། གནས་ལུགས་ཀྱི་གདམས་པ་ལོ་སུམ་བརྒྱར་འགྲོ་དོན་མཛད་ནས། འཁོར་དཔག་ཏུ་མེད་པ་དང་བཅས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཨཅིནྟཱའི་ལོ་རྒྱུས་རྫོགས་སོ།། །།
