Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༤༡༽གུརུབྷུསུཀུ་པཱ། Mahāsiddha Śāntideva

༈གུརུབྷུསུཀུའི་ལོ་རྒྱུས་ནི། ཡུལ་ནཱལེནྡཱ་ན་རྒྱལ་རིགས་ཀྱི་གང་ཟག་ཅིག་རང་བཞིན་བཟང་ཞིང་རབ་ཏུ་བྱུང་ནས་དགེ་སློང་དུ་མཛད་ལ། དེ་ཡང་ནཱལེནྡཱའི་རྒྱལ་པོ་དེཝཔཱལ་བཞུགས་པའི་ཚེ། དེའི་ཆོས་སྐོར་ལ་དགེ་འདུན་བདུན་བརྒྱའི་སྐུ་འཚོ་བཟང་པོ་བཟའ་བཏུང་སོགས་ཅི་བཞེད་འབུལ་ཞིང་། སྡེ་པ་བཞི་ཡོད་པའི་ཕལ་ཆེར་སྡེ་པའི་མཁན་པོ་ལ་མཁན་བུ་སུམ་བརྒྱ་ཙམ་ཡོད་པ་ལ། གཞན་ཀུན་བརྩོན་པས་རིགས་པའི་གནས་ལྔ་ལ་བྱང་བར་ཡོད་པ་ལ། རྒྱལ་རིགས་ཀྱི་དགེ་སློང་དེ་ནི་རྟག་ཏུ་གཉིད་ལོག་པར་བྱེད་པ་ལ། ཕོ་བའི་མེ་དྲོད་ཀྱང་ཆེ་ནས། འབྲས་བྲེ་ལྔ་ལྔ་ནངས་རེ་བཞིན་ཟ་ཡིན་འདུག་པ་ལ། རྒྱལ་པོ་དེཝཔཱལ་ན་རེ་འདི་ནི་བྷུསུཀུ་ཞིག་འདུག་གོ །ཟེར་བས་མིང་ཡང་བྷུསུཀུ་ཞེས་གྲགས། དེ་ནི་ཟ་ཉལ་འཆག་གསུམ་པ་ཞེས་བྱའོ། ནཱལེནྡཱའི་ཆོས་སྐོར་དེ་ན་དུས་རྟག་ཏུ་མདོ་རེས་མོས་སུ་འདོན་པའི་ལུགས་ཡོད་པ་ལས། དེ་ན་གནས་པ་ཀུན་གྱིས་བྷུསུཀུ་པཱ་ལ་ཁ་ཟེར་ཞིང་མཁན་པོས་ཀྱང་། ཁྱོད་ཀྱིས་མདོ་འདོན་པ་ལ་སོགས་པ་མི་འོང་བས་གཞན་དུ་སོང་ཞིག་ཟེར་བ་ན། དེ་ན་རེ། ང་ཚུལ་ཁྲིམས་མ་ཉམས་པས་གནས་ནས་དབྱུང་བར་མི་རིགས་ཤིང་། རིག་པ་སློབ་པའི་སྐལ་པ་མེད་ཟེར་ནས་འདུག་པ་ལ། དུས་གཅིག་གི་ཚེ་མདོ་འདོན་པའི་རེས་བབས་པས། དགེ་འདུན་གྱིས་དེ་ལ་སང་ནི་ཁྱོད་ཀྱིས་མདོ་འདོན་པའི་རེས་མོས་ཡིན་པས་ཐོན་ཅིག །ཅེས་སྨྲས་པས། དེས་ཀྱང་འདོད་པར་ཁས་བླངས་པ་དང་། ནཱལེནྡའི་དགེ་འདུན་ཀུན་ནངས་པར་བྷུསུཀུ་མདོ་འདོན་པ་ལ་བལྟ་བ་ཡིན་ཟེར་བཞད་གད་བྱེད་པ་ལ། དེའི་མཁན་པོ་ན་རེ། ཁྱོད་ཀྱིས་རིག་པ་སློབ་པའི་ཚེ་ཟ་ཡིན་གཉིད་གཅིག་པུ་ལོག་ན། ད་ནཱལེནྡཱའི་མཁས་པ་རྣམས་ཀྱི་ནང་མདོ་མི་ཐོན་བྱས་པས། བྷུསུཀུ་ན་རེ་བདག་མདོ་འདོན་ཟེར་ཉན་མ་འདོད་པ་ལ། མཁན་པོས་སྨྲས་པ་ཁྱོད་ཀྱིས་མདོ་མ་ཐོན་ན་གནས་ནས་སྐྲོད་པས། དེ་བས་འདུག་ན་རུང་ཞེས་སྨྲས་པ་ལ། ང་རང་ཤེས་ཟེར་ནས་མ་ཉན་པ་དང་། མཁན་པོས་འཕགས་པ་འཇམ་དཔལ་གྱི་སྔགས་ཨརཔཙན་བསླབས་ནས། སྔགས་འདི་མཚན་གཉིད་མ་ལོག་པར་ཟློས་ཤིག་བྱས་ནས་སྔགས་ཀྱི་གདམས་པ་བྱིན། དེས་ཀྱང་མཚན་གཉིད་མ་ལོག་པར་རྐེ་ལ་ཐག་པ་བཏགས་ནས། སྔགས་བཟླས་པས། འཕགས་པ་འཇམ་དཔལ་དེར་དངོས་སུ་བྱོན་ནས། བྷུསུཀུཔཱ་ཁྱོད་ཅི་བྱེད་གསུངས་པ་ལ། བྷསུཀུས་བདག་ནངས་པར་མདོ་འདོན་པའི་རེས་མོས་བབ་ལགས་པས་འཕགས་པ་འཇམ་དཔལ་ལ་གསོལ་བ་འདེབས་པ་ཡིན་ཞུས་པས། འཕགས་པའི་ཞལ་ནས་ཁྱོད་ཀྱིས་ང་ངོ་ཤེས་སམ། གསུངས་པས། བདག་གིས་མ་འཚལ་ལགས། ཞུས་པ་ལ། ང་འཇམ་དཔལ་ཡིན་གསུངས་པས། འོ་ན་བདག་ལ་ཤེས་རབ་ཕུན་སུམ་ཚོགས་པའི་དངོས་གྲུབ་ཞུ་བྱས་པས། འཕགས་པའི་ཞལ་ནས་ཁྱོད་ལ་ངས་རིག་པ་སྦྱིན་གྱི། ནངས་པར་མདོ་ཐོན་ཅིག །གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ནངས་པར་མདོ་འདོན་པའི་དུས་སུ། དགེ་འདུན་གྱི་ཀུན་དགའ་རྭ་བར་རྒྱལ་པོ་ལ་སོགས་པའི་སྐྱེ་བོའི་ཚོགས་ཐམས་ཅད་བྷུསུཀུ་མདོ་འདོན་པ་ལ་བལྟའོ་ཞེས་གཅིག་ལ་གཅིག་སྦྲན་པ་དང་མེ་ཏོག་ལ་སོགས་པ་མཆོད་པའི་ཡོ་བྱད་ཀུན་ཁྱེར་ནས་སྐྱེ་བོའི་ཚོགས་ཐམས་ཅད་དང་བཞད་གད་ཀྱི་ཆེད་ནུ་དེར་ཕྱིན་པ་དང་། བྷུསུཀུ་པས་དགེ་འདུན་གྱི་གདུགས་ཚོད་གསོལ་ནས་ཞུམ་པ་མེད་པར་གཙུག་ལག་ཁང་གི་ཁྲིའི་སྟེང་དུ་བྱོན་ནས་བཞུགས་པའི་ཚེ། གཟི་བྱིན་ཁྱད་པར་འཕགས་པར་འདུག་པས་ཐམས་ཅད་རྟོག་པ་སྐྱེས་པ་ལ། མདུན་ཡོལ་བས་བཅད་དེ། བདག་གིས་མདོ་སྔར་བྱུང་བ་ཞིག་བཤད་དམ། མ་བྱུང་བ་ཞིག་བཤད། གསུངས་པས། པཎྜྻིཏ་ཀུན་གཅིག་ལ་གཅིག་ལྟ་ཞིང་། སྐྱེ་བོའི་ཚོགས་ཀུན་དང་རྒྱལ་པོ་བཞད་གད་བྱེད་ལ། རྒྱལ་པོ་ན་རེ། ཁྱོད་ཀྱིས་ཟ་ལུགས་ཀྱང་སྔར་མ་བྱུང་བ་ཞིག་ཡིན་ལ། ཉལ་བ་དང་འཆགས་པའི་སྤྱོད་ལམ་ཡང་སྔར་མ་བྱུང་བ་ཁོ་ན་བྱེད་པས། ཆོས་ཀྱང་སྔར་མ་བྱུང་བ་ཞིག་ཤོད་ཟེར་བ་ལ། དེས་སྤྱོད་འཇུག་ལེའུ་བཅུའི་བདག་ཉིད་བཤད་ནས་ནམ་མཁའ་ལ་འཕུར་བས། ནཱལེནྡཱའི་པཎྜྻིཏ་ལྔ་བརྒྱ་དང་། རྒྱལ་པོ་དེཝཔཱལ་ལ་སོགས་པ་སྐྱེ་བོའི་ཚོགས་ཐམས་ཅད་དད་ནས། མེ་ཏོག་གཏོར་ནས་པུས་ནུབ་ཙམ་དུ་ཆགས་ལ། འདི་ནི་བྷུསུཀུ་མ་ཡིན་ཏེ་མཁས་པ་འདུག་གོ །ཟེར་ནས་རྒྱལ་པོ་དང་། པཎྜྻིཏ་ཀུན་གྱིས་ཤཱནྟ་དེཝ་བྱ་བར་བཏགས། རྒྱལ་པོ་དང་པཎྜྻིཏ་ཀུན་ང་རྒྱལ་ཞི་བར་བྱས་པས་ཞི་བ་ལྷ་ཞེས་བྱ་བ་ཡིན་ནོ། །དེ་ནས་པཎྜྻིཏ་སོགས་དེར་འདུས་པ་ཀུན་གྱིས་དེའི་འགྲེལ་པ་ཞིག་མཛད་པར་ཞུས་པས། ཕྱི་ནས་མཛད། དེ་དག་གིས་མཁན་པོར་ཞུས་པས་མ་གནང་བར། ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་རབ་ཏུ་བྱུང་བའི་ཡོ་བྱད་དཀོན་མཆོག་དང་གཙུག་ལག་ཁང་དུ་ཕུལ་ནས། མཁན་པོ་དང་དགེ་འདུན་གྱིས་མ་ཚོར་བ་གྲོས་ཕྱིན་ཏེ། རིམ་གྱིས་དྷོ་གི་རི་བྱ་བའི་གྲོང་ཁྱེར་འབུམ་ཚོ་ཕྱེད་དང་གསུམ་ཡོད་པར་ཤིང་གི་རལ་གྲི་ཡུ་བ་གསེར་གྱིས་བསྐུས་པ་ཞིག་བསྣམས་ནས་བྱོན་ཏེ། དེའི་རྒྱལ་པོ་ལ་བདག་ཁྱེད་ཀྱི་རང་གྲི་པ་བགྱི་བྱས་པས་རུང་གསུངས་ཏེ། ཉི་མ་རེ་ལ་གསེར་ཏོ་ལ་བཅུ་བཅུ་སྦྱིན་པ་དེས་འཚོ་བ་མཛད་ལ། ལོ་བཅུ་གཉིས་སུ་རལ་གྲི་པ་བྱེད་ཀྱིན་སྙིང་པོའི་དོན་དང་མ་བྲལ་བར་མཛད་དོ། །དུས་གཅིག་སྟོན་ཀའི་ཚེ་རལ་གྲི་པ་ཀུན་ལྷ་མོ་ཨུ་མའི་རྟེན་ལ་མཆོད་པ་བྱེད་པས། ཁོང་གིས་ཀྱང་དེ་ཁོ་ན་ལྟར་མཛད། དུས་གཅིག་གི་ཚེ་རལ་གྲི་འཁྲུད་པ་ཡིན་པ་ལ། ཀུན་གྱིས་འཁྲུད་པའི་ཚེ་ཁོང་གི་རལ་གྲི་ཤིང་དུ་འདུག་པ་དེ་གྲོགས་གཅིག་གིས་མཐོང་ནས་རྒྱལ་པོ་ལ་སྨྲས་པ་དང་། རྒྱལ་པོ་ན་རེ་ཁྱོད་ཀྱི་རལ་གྲི་ང་ལ་སྟོན་ཅིག་ཟེར་བ་ལ། དེ་ན་རེ་བསྟན་ན་ཁྱེད་ཅག་ལ་གནོད་པར་འགྱུར་བས་མི་རུང་གསུངས་པས། གནོད་ཀྱང་སླའི་ངེས་པར་སྟོན་ཅིག་ཟེར་བས། འོ་ན་མིག་ལ་རེ་ཁོབ་ཅིག་གསུངས་ནས། རལ་གྲི་ཤུབས་ནས་ཕྱུང་པས་འོད་མ་བཟོད་པར་མ་བཀབ་པའི་མི་རྣམས་ཞར་བ་དང་། བཟོད་པར་གསོལ་ཞིང་གསོལ་བ་བཏབ་པས། དེ་དག་ལ་ཞལ་ཆབ་བྱུགས་པས་མིག་ཅན་དུ་སོང་ནས་ངོ་མཚར་སྐྱེས་ཏེ། མཆོད་གནས་སུ་ཞུས་པས་མ་བཞེད་དེ། དེ་རི་བྲག་ཅིག་ཏུ་བྱོན་ནས་སྤྲུལ་པའི་རི་དྭགས་བསད་ཅིང་། དེ་དག་གི་ཤ་ཟ་བ་མི་ཀུན་གྱིས་མཐོང་ནས་དེ་རྒྱལ་པོ་ལ་ཞུས་པ་དང་། རྒྱལ་པོ་འཁོར་བཅས་དེར་བྱོན། རྒྱལ་པོས་སྨྲས་པ་ཁྱེད་སྔར་ནཱལེནྡཱའི་རྒྱལ་པོ་ལ་སོགས་པ་བརཏལ་ནས་ཆོས་ལ་བཀོད། འདིར་ཡང་མིག་ཞར་བ་གསོས་པ་ལ་སོགས་པ་བསྟན། དེ་འདྲའི་ནུས་པ་མངའ་བཞིན་དུ་སྲོག་ཆགས་ལ་གནོད་པ་མཛད་པའི་ལུགས་ཡོད་དམ། ཞུས་པས། ཞི་བ་ལྷས་བདག་གིས་གསད་པ་མ་ཡིན། གསོས་པ་ལགས། གསུངས་ནས། སྤྱིལ་པོའི་སྒོ་ཕྱེ་ནས་བལྟས་པ་ན། རི་དྭགས་རྣམས་གཉིས་འགྱུར་གྱིས་ཆེ་བར་འགྱུར་ཏེ། ཕྱིར་དོན་ནས་རི་དང་ལུང་པ་ཁྱབ་པར་གྱུར་པས། རྒྱལ་པོ་ལ་སོགས་པ་ཀུན་དད་པ་ན། མཐར་རི་དྭགས་དེ་དག་གར་སོང་ཆ་མེད་དུ་གྱུར་པས། རྒྱལ་པོ་ལ་སོགས་པ་སྐལ་པ་ཡོད་པ་དག་གིས་ནི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ཙམ་དང་། གདོད་ནས་མ་གྲུབ་པར་རྟོགས་པ་ཡང་སྐྱེས་ནས་ལམ་ལ་གནས་པར་གྱུར་ཏེ། དེའི་ཞལ་ནས། བདག་གིས་བསད་པའི་རི་དྭགས་རྣམས། །དང་པོ་གང་ནས་ཀྱང་མ་འོངས། །བར་དུ་གང་ལ་ཡང་མི་གནས། །ཐ་མ་གང་དུའང་འགག་མི་འགྱུར། །གདོད་ནས་མ་གྲུབ་ཆོས་རྣམས་ལ། །བསད་དང་བསད་བྱ་ག་ལ་གྲུབ། །ཀྱེ་མ་སེམས་ཅན་སྙིང་རེ་རྗེ། །བྷུསུཀུ་ནི་སྨྲ་བར་བྱེད། །ཅེས་གསུངས་ནས། ཡུལ་དེའི་རཱཇཱ་ལ་སོགས་པ་ཀུན་བརཏལ་ནས་ཆོས་ལ་བཀོད་དོ། །དེ་བས་ན་དད་གུས་ཆོས་བསྒྲུབས་ན། བྷུསུཀུཔས་མཚན་གཅིག་བསྒྲུབས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས། ལུས་ངག་ཡིད་གསུམ་གཅིག་ཏུ་རྟོགས་ཏེ། ཡོན་ཏན་གྱི་ཆོས་སྐད་ཅིག་མ་ལ་བྱུང་ནས་མཐར་ལོ་བརྒྱ་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུབྷུསུཀུ་པཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact