| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༤༠༽གུརུནལིན་པཱ། Mahāsiddha Nalinapa
༈གུརུནལིནཔཱའི་ལོ་རྒྱུས་ནི། ནལིན་སྟེ་པདྨའི་རྩ་བ་བྱ་བའོ། །དེ་ཡང་ཡུལ་ས་ལིཔུཏྲ་ན་རྒྱལ་རིགས་ཀྱི་གང་ཟག་ཅིག་ཤིན་ཏུ་ཕོངས་ནས་པདྨའི་རྩ་བ་མཚོ་ནས་བཏུས་ཏེ་འཚོ་བ་བྱེད་པ་ན། དུས་གཅིག་གི་ཚེ་རྣལ་འབྱོར་པ་ཞིག་དང་འཕྲད་ནས། དེ་ལ་པདྨའི་རྩ་བ་དེ་དྲངས་པས། དེས་ཀྱང་འཁོར་བའི་ཉེས་པ་དང་། མྱ་ངན་ལས་འདས་པའི་ཡོན་ཏན་བཤད་པས། དེ་འཁོར་བ་ལས་བློ་ལྡོག་སྟེ། བླ་མ། ཐར་པ་ཐོབ་པའི་ཐབས་ཤིག་ཞུ་ལགས་ཟེར་བ་ལ། རྣལ་འབྱོར་པ་དེས་རུང་གསུངས་ནས། གསང་བ་འདུས་པར་དབང་བསྐུར་ཏེ། རང་ལུས་ཐབས་ལྡན་ལ་བརྟེན་པའི་གདམས་པ་འདི་གནང་ངོ་། །སྤྱི་བོར་བདེ་བ་ཆེན་པོའི་ནི། །ཧྃ་ནི་དཀར་པོ་ཡང་དག་བསམ། །ལྟེ་བར་སྤྲུལ་པའི་ཡི་གེ་ཝཾ། །འོད་འབར་བས་ནི་ཧྃ་འཛག་སྟེ། །དགའ་དང་དགའ་བྲལ་མཆོག་དགའ་དང་། །ལྷན་སྐྱེས་དག་ནི་རིམ་པ་བཞིན། །འབྱུང་བས་འཁོར་བའི་ཉེས་པ་དང་། །ཐར་པའི་བདེ་ཆེན་འདོར་ཞིང་ལེན། །ཅེས་གསུངས་པས། དེས་ཀྱང་དེ་བཞིན་དུ་བསྒོམས་པ་ན། པདྨ་འདམ་ནས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་བཞིན། སྒོམ་པ་དགའ་བཞིའི་འཁོར་ལོ་བཞི་ལ་བརྟེན་ནས་བསྒོམས་ཀྱང་། དམིགས་པ་དང་འཁོར་བའི་ཉེས་པ་མ་གོས་པ་ལོ་དགུ་ན་དོན་རྟོགས་ཤིང་འཁྲུལ་པའི་དྲི་མ་ཐམས་ཅད་དག་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། དེ་ནས་སཱལིཔུཏྲ་འགྲོ་དོན་མཛད་ནས། ལོ་བཞི་བརྒྱ་ན་འཁོར་ཕྱེད་དང་ལྔ་བརྒྱ་དང་བཅས་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུནལིན་པའི་ལོ་རྒྱུས་རྫོགས་སོ།། །།
