| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༣༩༽གུརུབབྷཧི། Mahāsiddha Babhaha
༈གུརུབབྷཧིའི་ལོ་རྒྱུས་ནི། བབྷཧིའི་དོན་ནི་ཆུ་ལས་འོ་མ་ལེན་པ་བྱ་བ་ཡིན་ལ། ཡུལ་དྷཉྫྱུར་བྱ་བ་ན་རྒྱལ་རིགས་ཀྱི་གང་ཟག་ཅིག་རྒྱལ་པོའི་འདོད་པའི་ཡོན་ཏན་གྱིས་མྱོས་ནས་འདུག་པ་ལ། དེའི་གམ་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་བྱོན་ནས་ཟས་ཀྱི་བསོད་སྙོམས་བྱས་པས། བཟའ་བ་དང་བཅའ་བ་གྱ་ནོམ་པ་དྲངས་ཏེ། རྒྱལ་པོ་དེ་དད་ནས་ཆོས་ཤིག་ཞུ་ཟེར་བ་ལ། དེས་ཀྱང་ཆོས་ཐམས་ཅད་ཀྱི་རྩ་བ་དམ་ཚིག་ཡིན་པ་དང་། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་ནོ། །ཞེས་གསུངས་ཏེ། བྱིན་རླབས་འཕོ་བའི་དབང་བསྐུར་ནས། རྩ་རླུང་ཐིག་ལེའི་གདམས་པ་འདི་ལྟ་སྟེ། གཞན་ལུས་ཐབས་ལྡན་ཁྱད་པར་ཅན། །བྷ་གའི་རྣམ་པའི་དཀྱིལ་འཁོར་དུ། །རཀྟའི་རྒྱ་མཚོ་ཆེན་པོ་ལ། །བྱང་སེམས་འོ་མ་བསྲེས་ཤིང་ལེན། །གནས་སུ་འཁྱོལ་ནས་ཁོང་དུ་དྲངས། །བདེ་བ་རྒྱུན་ཆད་དེ་ལྟ་མིན། །བདེ་བས་བདེ་བ་འཇོམས་པ་ན། །དེ་ཡང་སྟོང་དང་དབྱེར་མེད་སྒོམས། །ཞེས་གསུངས་པས། དེས་ཀྱང་དེ་ལྟར་ཉམས་སུ་བླངས་པས། ལོ་བཅུ་གཉིས་ནས་མཐོང་སྤང་གི་དྲི་མ་དག་ནས་དངོས་གྲུབ་ཐོབ་སྟེ། གདུལ་བྱའི་དོན་ཡང་མང་དུ་མཛད་དེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུབབྷཧའི་ལོ་རྒྱུས་རྫོགས་སོ།། །།
